ཉེ་ལམ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་གཞུང་ཞབས་པའི་ཐུན་མོང་གི་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྐབས་བཞི་པ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ནས། དཔྱད་འདེམ་གཟེངས་བསྟོད་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཡིད་ཚིམ་པའི་་གཞུང་ཞབས་པ་དང་གཞུང་ཞབས་པའི་ཐུན་མོང་དཔྱད་འདེམ་གཟེངས་བསྟོད་བྱ་བ་སྤེལ་བའི་དམིགས་འབེན་ནི། ཉེ་བའི་ལོ་འགའི་རིང་རང་ཞིང་གི་གཞུང་ཞབས་པའི་དཔུང་སྡེ་ཁྲོད་ནས་བྱུང་བའི་སྔོན་ཐོན་དཔེ་སྟོན་འདེམས་པ་དང་། དུས་རབས་གསར་བའི་རང་ཞིང་གི་གཞུང་ཞབས་པའི་དཔུང་སྡེའི་སྣང་བརྙན་འགྲེམ་སྟོན་བྱེད་པ། བློ་དཀར་དག་གཙང་དང་ཁག་ཁུར་ལྡན་ཞིང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། ཐེངས་འདིའི་དཔྱད་འདེམ་གཟེངས་བསྟོད་བྱ་བའི་ཐད་ནས་གཙོ་བོར་གཞི་རིམ་དང་བྱ་བའི་ཡུལ་དངོས། སྒེའུ་ཁུང་ལས་ཁུངས་ལ་ཁ་ཕྱོགས་པ་དང་། ཆབ་སྲིད་ཀྱི་ཚད་གཞི་དང་ཕན་འབྲས་ཀྱི་ཁྲིད་ཕྱོགས། བྱས་རྗེས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ངོ་སྤྲོད་རྒྱུད་རིམ་ལྟར། འོག་ནས་གོང་དང་བཟང་བོའི་ཁྲོད་ནས་ལེགས་པོ་འདེམ་པ། རིམ་པ་བཞིན་ངོ་སྤྲོད་གདམ་གསེས་བྱེད་པ། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པས་བསྐྱོད་ལམ་གསར་བའི་སྟེང་འབད་འཐབ་ལྷོད་མེད་བྱེད་པ་དང་བྱས་རྗེས་འཇོག་པར་སྐུལ་སློང་བྱས་ནས། སྣང་བརྙན་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།