2021ལོར། མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བདེ་བླག་ངང་སྤེལ་ནས། གནད་དོན་བདུན་བརྒྱ་དང་གོ་བརྒྱད་རིགས་བགར་ནས་བཅོས་སྐྱོང་བྱས་པ་དང་། ས་ཁུལ་ནང་གི་གཏེར་ཁུངས་བརྒྱ་དང་དོན་དྲུག་གི་གཏེར་ལས་དབང་ཆར་རིགས་བགར་ནས་ཐག་གཅོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་རྡོ་སེག་ཐོན་ཁུངས་མཉམ་བསྲེས་ལེགས་བསྒྱུར་བྱས་པ་དང་། རྡོ་སེག་བཟོ་གྲྭ་ཉིས་བརྒྱ་དང་སོ་བརྒྱད་ནས་བརྒྱ་དང་དོན་བདུན་ལ་ཇེ་ཉུང་དུ་བཏང་། 2022ལོར། སྲ་བརྟན་མཐོར་འདེགས་ལོའི་བྱ་བ་སྤེལ་འགོ་བརྩམས་པ་དང་། ས་ཁུལ་དང་སྡེ་ཁག་སོ་སོས་དུས་ཐོག་ཏུ་ཕྱོགས་བསྡུས་བཅོས་སྐྱོང་གི་སྐབས་གཞུག་མའི་བྱ་བ་བཟང་བོ་བསྒྲུབ་པར་བཀོད་སྒྲིག་བཟང་བོ་བྱས།
ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཅིག་གྱུར་འཆར་འགོད་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། བཅོས་སྐྱོང་བྱེད་པའི་གོ་རིམ་ཁྲོད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་འཆར་འགོད་མཐུན་སྦྱོར་དང་ཡིག་ཚགས་འཛུགས་པ། རྩིས་ཐོ་མེད་པར་བཟོ་བ། བརྒྱུད་སྤྲོད་དོ་སྲུང་། ཐོན་ཁུངས་དར་སྤེལ་དང་ལས་གཞི་ཡར་ཞུ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་དྲུག་བཙུགས་ནས། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་གིས་མངོན་ཞིབ་ལྐོག་བཤེར་བྱེད་པ། ཁུལ་དང་གྲོང་ཁྱེར་རིམ་པའི་སྲིད་གཞུང་གིས་ཕན་ཚུན་ཞིབ་བཤེར་བྱེད་པ། ཟུར་ངོས་མང་པོ་ནས་ཕན་ཚུན་སྐུལ་འདེད་དང་ཞིབ་དཔྱད་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ཉམས་མྱོང་གྲུབ་པར་བྱས་ལ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ཧ་ལམ་ཡོངས་འགྲུབ་བྱེད་པའི་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱས།
གནད་དོན་བདུན་བརྒྱ་དང་གོ་བརྒྱད་ཀྱི་བཅོས་བསྒྱུར་གྲུབ་འབྲས་ཡོད་ཚད་རྫོང་རིམ་པའི་ཞིབ་དཔྱད་ཐོག་མ་དང་གྲོང་ཁྱེར་དང་ཁུལ་རིམ་པའི་ཞིབ་དཔྱད་ཐོབ་པ་དང་། ཕན་ཚུན་ཞིབ་བཤེར་དང་དཔྱད་འཇོག་བྱེད་ཚད་བརྒྱ་ཆའི་གོ་ལྔར་སླེབས་ལ། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཚད་ལེན་དང་ཆེད་མཁས་ཚན་ཆུང་གི་སྤྱི་ཁོག་གི་ཞིབ་དཔྱད་ཐོབ་པ་དང་། མཚོ་ནུབ་ཁུལ་གྱིས་ཁུལ་རིམ་པའི་དཔྱད་ཞིབ་ཡོངས་འགྲུབ་བྱས།
རིན་ཆེན་མཚོས་བསྒྱུར།