ཟླ་གསུམ་པའི་ཚེས་བརྒྱད་ཉིན་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྐབས་བརྒྱ་དང་བཅུ་གཉིས་པའི་ཉིན་མོར། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཀ་རིང་ཡུལ་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཤོང་ས་སྡེ་བ་རུ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། “གནམ་གྱི་ཕྱེད་ཀར”གྱུར་པའི་བུད་མེད་རྣམས་ཀྱིས་དགའ་སྤྲོའི་ངང་བདེ་སྐྱིད་ཀྱི་འཚོ་བ་གསར་པ་དང་འགྱུར་ལྡོག་གསར་པ་གླེང་།
གཤོང་ས་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀླུ་མོ་རྒྱལ་གྱིས་རྒྱུན་དུ་རང་སྡེ་བའི་བུད་མེད་རྣམས་རྩ་འཛུགས་བྱས་ཏེ་སྡེ་བའི་མཐུན་སྒྲིལ་དང་ཁོར་ཡུག་གཙང་སྦྲ་སོགས་ཀྱི་ཐད་བུད་མེད་ཚོའི་དཔེ་སྟོན་གྱི་ནུས་པ་འདོན་པར་སྣེ་ཁྲིད་བྱེད་བཞིན་ཡོད།
གཤོང་ས་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀླུ་མོ་རྒྱལ་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
ཁོ་མོས་བཤད་རྒྱུར། “སྡེ་བའི་བུད་མེད་ཚོ་རྩ་འཛུགས་བྱེད་དུས་ཚང་མས་རྒྱབ་སྐྱོར་བྱེད་པ་ཡིན་ལ། བུད་མེད་ཚོས་སྡེ་བའི་ཁོར་ཡུག་གཙང་སྦྲ་དང་སྡེ་བའི་མཐུན་སྒྲིལ་སོགས་ཀྱི་ཐད་དུ་རང་ནུས་ཅི་ཡོད་འདོན་བཞིན་ཡོད་ལ། ད་ལྟ་བུད་མེད་ཚོ་སྔོན་ཆད་དང་བསྡུར་ན་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་སོང་ཡོད།”
ལོ་འགའི་རིང་ལ། ཀ་རིང་ཡུལ་ཚོས་ཞིང་ལས་འཕྲུལ་ཆས་ཅན་དུ་གོང་སྤེལ་བཏང་བས། ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཇེ་ཆེར་སོང་བ་དང་། མང་ཚོགས་ཀྱི་ལས་ཀ་ཡང་སྔོན་ཆད་ལས་ཆེས་ཆེར་ཇེ་ཡང་དུ་སོང་ཡོད། ཞིང་རྨོ་བའི་གྲ་སྒྲིག་ལ་བྲེལ་བཞིན་པའི་ཀ་རིང་ཡུལ་ཚོ་ཆུ་བཟང་སྡེ་བའི་སྡེ་མི་ཀླུ་མོ་བྱམས་ཀྱིས་བཤད་རྒྱུར། “སྔོན་ཆད་ཡུར་མ་ཡུར་ན་ཟླ་གཉིས་ཙམ་ལ་ཡུར་དགོས་པ་དང་། ད་ལྟ་ལྡུམ་སྨན་རྒྱག་བཞིན་པས་ལས་ཀ་ཇེ་ཡང་དུ་སོང་ཡོད། སྟོན་ཁར་ཞིང་འབྲེག་སྐབས་ཀྱང་སྔོན་ཆད་ཉིན་བདུན་བརྒྱད་ལ་འབྲེག་དགོས་པ་དང་། ད་ལྟ་འཕྲུལ་ཆས་ཀྱིས་འབྲེག་བཞིན་པས་ཉིན་གཅིག་གི་དུས་ཚོད་ལས་མི་དགོས།”
ཆུ་བཟང་སྡེ་བའི་སྡེ་མི་ཀླུ་མོ་བྱམས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
ཀ་རིང་ཡུལ་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་པ་མང་ཚོགས་ཀྱི་འཇོན་ནུས་བསྐྱེད་པའི་གསོ་སྦྱོང་མང་དུ་སྤེལ་བར་བརྟེན་ནས། མང་ཚོགས་ཀྱི་ཞོར་ལས་ཀྱི་ཐབས་ལམ་ཇེ་ཡངས་དང་ཡོང་འབབ་ཇེ་མང་དུ་སོང་། ཆུ་བཟང་སྡེ་བའི་བཟོ་ཁང་དུ་འཚེམ་བཟོའི་གསོ་སྦྱོང་ལ་ཞུགས་ཡོད་པའི་དབྱངས་ཅན་མཚོ་མོས་བཤད་རྒྱུར། “སྔོན་ཆད་འཚོ་བའི་ཆ་རྐྱེན་ཅུང་ཞན་ལ། ད་ལྟ་འཚོ་བར་འགྱུར་ལྡོག་ཅུང་ཆེ་ཞིང་། བུད་མེད་ཚོའི་འགྱུར་ལྡོག་ལྷག་ཏུ་ཆེ། སྔོན་ཆད་བུད་མེད་ཚོའི་ཁྱིམ་ཚང་གི་གོ་གནས་ཅུང་དམའ་བ་དང་། ད་ལྟ་གོ་གནས་སྔོན་ལས་ཇེ་མཐོར་སོང་ཡོད། སྔོན་ཆད་བུད་མེད་ཚོ་ཕྱི་ཕྱོགས་སུ་ཞོར་ལས་ལའང་འགྲོ་མི་ཐུབ་། ད་ལྟ་རྒྱུན་དུ་ཞོར་ལས་ལ་འགྲོ་བཞིན་ཡོད། ང་རང་ལ་མཚོན་ནའང་གྲོང་ཁྱེར་ཆེན་པོ་མང་པོར་ཞོར་ལས་ལ་སོང་མྱོང་། ཕྱི་ཕྱོགས་སུ་སོང་ཚེ་གཅིག་ནས་ལྟད་མོ་མང་པོ་མཐོང་ཐུབ་ལ། གཉིས་ནས་རང་གི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་འགྲོ་ཐུབ། དེས་མི་ཚད་ཡོང་སྒོ་ཡང་ངེས་ཅན་བཙལ་ཐུབ་པས། སྤྱིར་བཏང་གིས་སྔོན་ཆད་དང་བསྡུར་ན་འཚོ་བ་ཧ་ཅང་བཟང་།”
དབྱངས་ཅན་མཚོ་མོས་རང་ཉིད་གྲོང་ཁྱེར་དུ་ཞོར་ལས་ལ་སོང་བའི་མྱོང་ཚོར་གླེང་བཞིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། དུས་རབས་གསར་པའི་བུད་མེད་ཀྱི་ལས་དོན་ཐད་མིག་རྒྱང་རིང་བའི་ཇུས་འགོད་གནང་ཡོད། ཀ་རིང་ཡུལ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བུད་མེད་ཚོར་ཕན་འདོགས་པའི་དོན་བཟང་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད།
ཀ་རིང་ཡུལ་ཚོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་དབང་འཕགས་མོས་བཤད་རྒྱུར། “ང་ཚོ་ཞོན་ཧྭ་རྫོང་ཀ་རིང་ཡུལ་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་གསུམ་གྱི་རིང་ལ་གཅིག་ནས་དགུན་ཁའི་ཁོམ་ལོང་སྤྱད་དེ་བུད་མེད་རྣམས་ལ་ཡི་གེ་ཁྲིད་དེ་གྲུབ་འབྲས་བཟང་པོ་བླངས་ཡོད། གཉིས་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྗེས་ས་གནས་ཀྱི་ཐོན་སྐྱེད་གོང་དུ་སྤེལ་བར་དམིགས་ནས་བུད་མེད་རྣམས་ལ་ཟ་མ་གཡོས་སྦྱོར་དང་གཙགས་དྲུབ་སོགས་ཀྱི་ལག་རྩལ་ཐེངས་མང་ཁྲིད་དེ། ཁོ་མོ་ཚོས་ཡོང་སྒོ་འཚོལ་བར་སྟབས་བདེ་བསྐྲུན་པ་ཡིན། གསུམ་ནས་བུད་མེད་ཚོར་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་བསྒྲགས་བྱས་ཏེ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གཞན་གྱི་གཡོ་འོག་ཏུ་མི་ཚུད་རྒྱུར་རམ་འདེགས་བྱས་པ་ཡིན།”
ཀ་རིང་ཡུལ་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་དབང་འཕགས་མོས་གསར་འགོད་པར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲུབས་པའི་བྱ་བ་ངོ་སྤྲོད་བྱེད་བཞིན་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་ཏུ། ཀ་རིང་ཡུལ་ཚོའི་བུད་མེད་ཀྱི་ལས་དོན་སྤུས་ཚད་མཐོན་པོས་གོང་འཕེལ་དུ་སོང་ལ། བུད་མེད་ཀྱི་ཐོབ་ཐང་དང་ཁེ་དབང་། རིན་ཐང་ལྟ་བ། བསམ་བློའི་འཁྱེར་སོ་སོགས་ཀྱི་ཐད་འགྱུར་ལྡོག་གསར་པ་བྱུང་ཞིང་། བུད་མེད་རྣམས་ཀྱི་ཤེས་རྒྱ་དང་འཇོན་ཐང་། སྐྱིད་སྣང་བཅས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། བུད་མེད་ཚོས“གནམ་གྱི་ཕྱེད་ཀའི”ནུས་པ་ལེགས་པར་བཏོན་ནས། དུས་རབས་གསར་པའི་བུད་མེད་ཀྱི་སྣང་བརྙན་བཟང་པོ་ཇི་དགར་ངོམ་བཞིན་ཡོད།
གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།