པཎ་ཆེན་བཅུ་པའི་འཁྲུངས་ཡུལ་དུ་གྲོང་གསེབ་དར་སྤེལ་གྱི་ཡོ་ལང་རྒྱས།
2022.03.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 90

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོས་མང་ཡུལ་སྡེ་བ་རུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས། འདི་ནི་བིས་མདོ་ཡུལ་ཚོས་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱས་ཏེ་ཡུལ་ཚོའི་མང་ཚོགས་ཀྱི་གྲོང་གསེབ་དར་སྤེལ་ཐད་ཀྱི་ཡིད་ཆེས་དང་བརྩོན་སེམས་ཆེས་ཆེར་སྐྱེད་བཞིན་པའི་བསྡུས་གཟུགས་ཤིག་རེད།

མང་ཡུལ་སྡེ་བའི་ཏང་ཡོན་རྒན་པ་སྙིང་ལྕགས་ཀྱིས་བཤད་རྒྱུར། “དེ་རིང་ཡུལ་ཚོ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཀྲུང་དབྱང་གི་ཡིག་ཆ་དང་པོ་དྲིལ་བསྒྲགས་བྱས་པ་དང་། ང་རང་ཉིད་ལ་ངོས་ཟིན་བཟང་པོ་ཐོབ་སོང་། རྗེས་ཕྱོགས་མུ་མཐུད་དུ་འབད་བརྩོན་བྱ་རྒྱུའི་བསམ་པ་ཡོད།”

ཏང་ཡོན་རྒན་པ་སྙིང་ལྕགས་རྒྱལ་གྱིས་སློབ་སྦྱོང་གི་མྱོང་ཚོར་གླེང་བཞིན་པ།

མང་ཡུལ་སྡེ་བ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་འཁྲུངས་ཡུལ་ཡིན་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ལོ་སྨད་དུ་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བའི་མིང་བཏགས་ཏེ། གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་ལ་ཇུས་འགོད་དང་མ་དངུལ་འབོར་ཆེན་བརྩོན་ལེན་བྱས་ཡོད། བིས་མདོ་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གཡང་སྐྱབས་ཀྱིས་བཤད་རྒྱུར། “མང་ཡུལ་སྡེ་བ་ནི་རྒྱལ་གཅེས་ཆོས་གཅེས་རིང་ལུགས་པ་པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་ཡུལ་ཡིན་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྡེ་བ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་སྦྱོང་ལྟེ་གནས་ཀྱང་ཡིན། འདིར་དམིགས་ཏེ་ང་ཚོས་མང་ཡུལ་སྡེ་བ་དང་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་དང་ཁོར་ཡུག་ལྗོངས་རྒྱུའི་དཔེ་སྟོན་སྡེ་བར་གཏན་ཁེལ་བྱས་ནས། ད་སྔ་མ་དངུལ་སྒོར་ཁྲི་སྟོང་གཉིས་བཏང་སྟེ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད་ལ། རྗེས་ཕྱོགས་མུ་མཐུད་དུ་མ་དངུལ་མང་པོ་བཏང་སྟེ་དམངས་ཡོངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྩིས་ཡོད།”

བིས་མདོ་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གཡང་སྐྱབས་ཀྱིས་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྡོ་རྗེས་བཤད་པ་ལྟར་ན། མང་ཡུལ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་བྱ་བས་སྣེ་ཁྲིད་དེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་སོགས་སྡེ་བའི་བྱ་བ་མཐའ་དག་ལ་བཀོད་སྒྲིག་ཆ་ཚང་བྱས་ཡོད་པ་དང་ལག་བསྟར་མཐའ་འཁྱོལ་བྱེད་བཞིན་ཡོད་ཟེར། “མང་ཡུལ་སྡེ་བས་ཟླ་རེའི་ཚེས་གཅིག་ཉིན་ཏང་ཡོན་གྱི་ཚོགས་འདུ་བསྡུས་ཏེ་སྡེ་བའི་བྱ་བ་ཆེ་མ་ཆུང་གསུམ་ལ་གྲོས་སྡུར་བྱས་ཏེ་ལག་བསྟར་བྱེད་བཞིན་ཡོད། དེས་མི་ཚད་མང་ཡུལ་སྡེ་བ་ནི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་དང་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་སྡེ་བར་གཏན་ཁེལ་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པ་དང་འཆར་འགོད་བྱེད་བཞིན་པའི་སྒང་ཡིན།”

མང་ཡུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྡོ་རྗེས་བཅར་འདྲི་དང་ལེན་བྱེད་བཞིན་པ། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་དུ། “དབུལ་ཐར་མཁྲེགས་གཏོར་ཐད་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་དེས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དགའ་སྐྱིད་ཀྱི་འཚོ་བ་གསར་དུ་བསྐྲུན་པ་དང་ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་ལམ་དུ་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་ཡོད”ཅེས་གསུངས་པ་བཞིན་དུ། ལོ་འདི་འགའི་རིང་། སྡེ་བའི་ཐོན་ལས་གོང་དུ་འཕེལ་བ་དང་། ཁོར་ཡུག་ཇེ་ཡག་ཏུ་གྱུར་པ། མཐུན་སྒྲིལ་ཇེ་དམ་དུ་སོང་བ། ཡོང་སྒོ་ཇེ་མང་དུ་སོང་བ་སོགས་ལ་བརྟེན་ནས་སྡེ་མི་རྣམས་ཀྱི་སྐྱིད་སྣང་ཇེ་ཆེ་ནས་ཇེ་ཆེར་སོང་ཡོད་ལ། བདེ་སྐྱིད་དང་འབྱོར་ཕྱུག་གི་འཚོ་བའི་ཀློང་ནས་གྲོང་གསེབ་དར་སྤེལ་གྱི་ལམ་དུ་སྤོབས་པ་ཆེན་པོས་སྙེག་བཞིན་ཡོད།

སྡེ་མི་ཤ་བོ་ཐར་གྱིས་སྡེ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་གླེང་བཞིན་པ། 

མང་ཡུལ་སྡེ་བའི་སྡེ་མི་ཤ་བོ་ཐར་གྱིས་བཤད་རྒྱུར།“ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏུ། ང་ཚོ་སྡེ་བར་མཚོན་ན་ཁ་ལ་བཟའ་རྒྱུ་དང་རྒྱབ་ལ་གོན་རྒྱུ་སོགས་ཕྱོགས་གང་ཐད་ནས་སྔོན་ཆད་ལས་གོང་འཕེལ་ཆེན་པོ་བྱུང་ཡོད།”

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།