ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ར་སྐོར་དུ་རླངས་འཁོར་ཆེན་པོ་བཞིའི་ནང་དུ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་དྲུད་ནས་ཐོན། དེ་དག་ནི་བིས་མདོ་ཡུལ་ཚོས་རོགས་དངུལ་བརྩོན་ལེན་བྱས་ཏེ་རུ་མང་སྡེ་བར་ཉོས་པའི་ཞིང་ལས་འཕྲུལ་ཆས་རེད།
“དེང་མ་སྡེ་བའི་ནང་དུ་ལམ་བཟང་རྒྱུ་མེད་པས། རྟ་དང་ཁལ་མར་བརྟེན་དགོས། ད་ལྟ་འཕྲུལ་ཆས་ཅན་གྱི་དུས་སྐབས་སུ་སླེབས་པས། དེ་རིང་སྒོར་ཁྲི་ཞེ་དྲུག་གིས་ཞིང་འདེབས་སྤྱད་དང་འབྲེལ་སྤྱད་སོགས་ཀྱི་འཕྲུལ་ཆས་ཉོས་པ་ཡིན། ང་ཚོར་ཞིང་ས་མུའུ་སྟོང་གཅིག་དང་དྲུག་བརྒྱ་ལྷག་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་མང་ཚོགས་ལ་འདི་ལྟར་རོགས་སྐྱོར་བྱས་པས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།”
རུ་མང་སྡེ་བའི་སྡེ་དཔོན་སྟག་ཕྲུག་གིས་སྡེ་བའི་གནས་ཚུལ་གླེང་བཞིན་པ།
རུ་མང་སྡེ་བའི་སྡེ་དཔོན་སྟག་ཕྲུག་གིས་བཤད་པ་བཞིན་དུ། ཞིང་ལས་འཕྲུལ་ཆས་ཅན་དུ་འཕེལ་བཞིན་པ་དེས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་རྩ་བའི་ཆ་ནས་འགྱུར་བ་བཏང་ཡོད་ཅིང་། སྔོན་ཆད་མི་ཤུགས་དང་ཕྱུགས་རིགས་ཁོ་ནར་བརྟེན་ནས་ཞིང་རྨོ་སྟོན་བསྡུ་བྱས་པ་ནས་ཡོད་ཚད་འཕྲུལ་ཆས་ཅན་གྱིས་ཚབ་བྱེད་ཀྱིན་པའི་དུས་རིམ་གསར་པར་སླེབས།
ལོ་འདི་འགར་བིས་མདོ་ཡུལ་ཚོས་ཞིང་ལས་འཕྲུལ་ཆས་ཅན་དང་དེང་རབས་ཅན་དུ་བསྒྱུར་བར་འབད་བརྩོན་ཆེན་པོ་བྱས་པ་དང་། མ་དངུལ་མང་པོ་བཏང་ནས་སྡེ་བ་སོ་སོར་ཞིང་ལས་འཕྲུལ་ཆས་ཉོས་ཏེ། ཞིང་པ་མང་ཚོགས་ཀྱི་ལས་ཚེགས་ཇེ་ཆུང་དུ་བཏང་ནས་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། བིས་མདོ་བོད་རིགས་ཡུལ་ཚོའི་ཡུལ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་བཤད་རྒྱུར།
“ང་ཚོ་བིས་མདོ་ཡུལ་ཚོར་མཚོན་ན། ཞིང་ལས་ཐོན་སྐྱེད་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཆེད་དུ་ཞིང་ལས་དེང་རབས་ཅན་དུ་སྒྱུར་བཞིན་ཡོད། ཡུལ་ཚོས་ད་བར་དུ་སྡེ་བ་གཉིས་ལ་རྒྱལ་ཁབ་རིམ་པའི་མ་དངུལ་སྒོར་ཁྲི་བརྒྱ་དང་ཉི་ཤུ་ལྷག་བཏང་ནས་ཞིང་ལས་དེང་རབས་ཅན་གྱི་ཐད་དུ་ཁ་ཕྱོགས་པ་ཡིན། སྔོན་ཆད་འགྲིམ་འགྲུལ་སོགས་ཕྱོགས་གང་ཐད་ནས་སྟབས་མི་བདེ། དེང་སང་ལམ་སོགས་ཇེ་བཟང་ལ་སོང་བས་ཞིང་ལས་ཐད་དུ་འཕྲུལ་ཆས་བཀོལ་ན་སྟབས་བདེ། སྔོན་ཆད་ཞིང་བཏབ་ན་ཉིན་ལྔ་ནས་དྲུག་དགོས། ད་ལྟ་ཉིན་གཅིག་གིས་བཏབ་ཚར་འགྲོ་ལ། མང་ཚོགས་ཀྱི་ཡོང་སྒོ་ཡང་སྔོན་ཆད་ལས་ཇེ་མང་དུ་སོང་ཡོད། ”
བིས་མདོ་ཡུལ་ཚོའི་ཡུལ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་ཡུལ་ཚོའི་ཞིང་ལས་ཐོན་སྐྱེད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ཞིང་ལས་འཕྲུལ་ཆས་ཅན་དུ་འཕེལ་བར་བརྟེན་ནས་བིས་མདོ་ཡུལ་ཚོའི་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་འགྲོ་བཞིན་པ་དང་། ཞིང་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་སུམ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཇེ་མཐོར་འགྲོ་བཞིན་ཡོད།
གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།