ས་ཡི་ཞོག་ཁོག“གསེར་རྡོག་རྡོག”། དམངས་ཀྱི་སེམས་པ་དགའ་ལྷང་ལྷང་།།
2022.03.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 320

ཟླ་གསུམ་པའི་ཚེས་བཅུ་ཉིན། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཚ་ཕུག་བོད་རིགས་ཡུལ་ཚོའི་ཡུལ་སྡོང་སྡེ་བའི་ཞོག་ཁོག་འདེབས་རྒྱ་ཆེས་ཆེ་བའི་སྡེ་མི་སྒྲོལ་མ་སྐྱབས་ཚང་དུ་ཐོན་པ་ན། སྒྲོལ་མ་སྐྱབས་ཀྱིས་རང་གིས་ཞིང་ས་གླས་ཡོད་སའི་སྡེ་བ་ཞིག་གི་ཧྲུའུ་ཅི་ལ་ཁ་པར་བཏང་ནས་མུ་མཐུད་དུ་ཞོག་ཁོག་འདེབས་ས་གླ་བར་གྲོས་མོལ་བྱེད་བཞིན་འདུག

ཁོས་བཤད་པ་ལྟར་ན། ལོ་གཉིས་ལ་གཤོང་ཞན་ཡུལ་ཚོ་ཝ་ཁོ་སྡེ་བ་སོགས་ཀྱི་ས་ཞིང་གླས་ཏེ་ཞོག་ཁོག་བཏབ་པས། དེ་སྔོན་གཞན་ལ་སྒོར་མོ་འབུམ་ལྔ་ཙམ་བསྐྱིས་ཡོད་པ་ཡང་ཕལ་ཆེར་ཕྱིར་སྟེར་ཐུབ་པ་བྱུང་ལ། ད་ལྟ་ཁྱིམ་ཚང་གི་གནས་ཚུལ་བདེ་ལ་བབས་ཡོད་པ་དང་། ད་ལོར་ཞོག་ཁོག་བཏབ་རྗེས་ལོ་གསུམ་གྱི་གན་རྒྱའི་དུས་ཚོད་ལོངས་པས་ཁ་པར་བཏང་ནས་ཞིང་ས་མུ་མཐུད་དུ་གླ་བར་གྲོས་མོལ་བྱས་པ་ཡིན་ཟེར། “ངེད་ཚང་ཞོག་ཁོག་འདེབས་པའི་ཁྱིམ་ཚང་ཞིག་ཡིན། དེང་མ་དངོས་སྐྱེལ་རླངས་འཁོར་བསྐོར་བ་དང་། སྐོམ་ཆུ་སྡེབས་འཚོང་བྱེད་པ་སོགས་བྱས་ཏེ། མ་དངུལ་སྒོར་ཁྲི་བཞི་བཅུ་ལྷག་གི་ཚོང་བརྡིབས་མྱོང་། དེའི་རྗེས་སུ་རང་ཡུལ་དུ་ལོག་ནས་ལོ་གཉིས་ཀྱི་རིང་ཞོག་ཁོག་བཏབ་པ་ཡིན། ལོ་དང་པོར་ས་མུའུ་བརྒྱ་ལྷག་གི་སྟེང་ཞོག་ཁོག་བཏབ་པར་སྒོར་ཁྲི་བཅུ་བདུན་ལྷག་གི་ཡོང་སྒོ་ཐོབ་པ་དང་། ལོ་གཉིས་པར་ས་མུའུ་བཞི་བརྒྱ་ལྷག་གི་སྟེང་ཞོག་ཁོག་བཏབ་པར་སྒོར་ཁྲི་ཉེར་བརྒྱད་ཙམ་གྱི་ཡོང་སྒོ་ཐོབ་སོང་། ད་ལྟ་སྔོན་ཆད་ཀྱི་བསྐྱིས་དངུལ་ཕྱིར་བྱིན་ཚར་ཡོད་ལ། ད་དུང་མུ་མཐུད་དུ་ཞོག་ཁོག་འདེབས་རྒྱུའི་འཆར་གཞི་ཡོད”

ཡུལ་སྡོང་སྡེ་བའི་སྡེ་མི་སྒྲོལ་མ་སྐྱབས་ཀྱིས་ཞོག་ཁོག་བཏབ་པའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། 

ཚ་ཕུག་བོད་རིགས་ཡུལ་ཚོའི་རང་བྱུང་ས་བབ་དང་གནམ་གཤིས་དྲོད་གྲང་། ས་གཤིས་གཤིན་པོ་བཅས་ནི་ཞོག་ཁོག་འདེབས་པར་ཧ་ཅང་འཚམ་པས། རྫོང་དང་ཡུལ་ཚོ་རིམ་པས་མང་ཚོགས་ལ་ས་བོན་དང་། ལུད་རྫས་སོགས་རིན་མེད་དུ་བྱིན་ནས་ཞོག་ཁོག་འདེབས་པར་རོགས་རམ་དང་སྐུལ་སློང་བྱས་པར་མ་ཟད། ཞོག་ཁོག་གི་ཚོང་ལམ་བཙལ་ཏེ་སྡེ་མིའི་སེམས་ཁྲལ་སེལ་ཅི་ཐུབ་བྱེད་བཞིན་ཡོད་ལ། ཞོག་ཁོག་གི་ཐོན་ལས་ནི་མང་ཚོགས་ཀྱི་ཡོང་སྒོའི་འབྱུང་ཁུངས་ཆེས་ཆེན་པོར་གྱུར་ཡོད། སྡེ་མི་བཀྲ་ཤིས་དོན་ཁོ་ཚང་གིས་ཀྱང་གོང་རིམ་གྱི་རོགས་སྐྱོར་དང་སྐུལ་སློང་འོག་ཏུ་བསྟུད་མར་ལོ་གཉིས་ལ་ཞོག་ཁོག་བཏབ་ནས་ཡོང་སྒོ་ངེས་ཅན་བླངས་ཡོད། “ངེད་ཚང་གིས་ན་ནིང་དང་གཞེས་ནིང་ལོ་གཉིས་ལ་ས་མུའུ་བཅུ་བཞི་ལྷག་གི་སྟེང་ཞོག་ཁོག་བཏབ་པ་ཡིན། སྲིད་གཞུང་གིས་ས་བོན་དང་ཆུ་ཤོག ལུད་སྨན་སོགས་རིན་མ་བླངས་པར་སྟེར་བཞིན་ཡོད། ཞོག་ཁོག་བཙོང་དགོས་ནའང་སྲིད་གཞུང་གིས་ཉོ་མཁན་བོས་ཏེ་ཞོག་ཁོག་བསྡུ་བར་ཡོང་བཞིན་པས་སྟབས་ཧ་ཅང་བདེ། ”

ཡུལ་སྡོང་སྡེ་བའི་སྡེ་མི་བཀྲ་ཤིས་དོན་ཁོས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཞོག་ཁོག་ཐོན་ལས་ཀྱིས་ས་དེའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བར་བརྟེན། མང་ཚོགས་ཀྱིས་ཞོག་ཁོག་ལ“གསེར་རྡོག་རྡོག”ཅེས་འབོད་བཞིན་ཡོད་ལ། ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཟས་རིགས་འཕྲུལ་ཆས་རྒྱུ་སྤུས་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱིས་ཚ་ཕུག་ཡུལ་ཚོའི་ཞོག་ཁོག་གི་མ་དཔེ་ལ་ཚད་ལེན་དབྱེ་ཞིབ་བྱས་པ་ན། ཚ་ཕུག་གི་ཞོག་ཁོག་ནང་དུ་འཚོ་བཅུད་དང་ཚད་ཉུང་མ་རྒྱུ་སྣ་ཉེར་གསུམ་འདུས་པ་ར་སྤྲོད་བྱས་པ་དེ་ལས་ཚ་ཕུག་གི་ཞོག་ཁོག“གསེར་རྡོག་རྡོག”ལྟ་བུ་ཡིན་པའི་རིན་ཐང་གསལ་བོར་མཚོན་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། ཚ་ཕུག་ཡུལ་ཚོས་ཞོག་ཁོག་ཐོན་སྐྱེད་དེ་སྤུས་རྟགས་ཅན་དང་ཐོན་ལས་ཅན། གཅིག་སྡུད་ཅན། འཕྲུལ་ཆས་ཅན། གཞི་ཁྱོན་ཅན། ཚན་རིག་ཅན་བཅས་སུ་བསྒྱུར་བ་དང་། ཞོག་ཁོག་གི་འདེབས་རྒྱ་བསྟུད་མར་ཇེ་ཆེ་དང་ཡོང་སྒོ་མུ་མཐུད་ཇེ་མང་དུ་སོང་ཡོད། ཚ་ཕུག་ཡུལ་ཚོའི་ཡུལ་གཙོ་རིན་ཆེན་གྱིས་བཤད་རྒྱུར།“ཚ་ཕུག་ཡུལ་ཚོས་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཞོག་ཁོག་འདེབས་འགོ་བརྩམས་པ་དང་། ཕན་འབྲས་ཧ་ཅང་ཆེ་བ་དང་། ཡུལ་ཚོ་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པས། ཞོག་ཁོག་འདེབས་མཁན་ཇེ་མང་ནས་ཇེ་མང་རེད། ཉིས་སྟོང་ཉེར་གཅིག་ལོར་ཡུལ་ཚོ་ཡོངས་ཀྱིས་ས་མུའུ་ཁྲི་གཅིག་དང་སྟོང་དྲུག་གི་སྟེང་ཞོག་ཁོག་བཏབ་པ་དང་། ཞོག་ཁོག་བཙོང་བའི་ཡོང་སྒོ་སྒོར་ཁྲི་སྟོང་ལྔ་ཙམ་ཡིན་ལ། ཁྱིམ་ཚང་རེ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་དྲུག་ཙམ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་དྲུག་དང་བརྒྱད་བརྒྱ་ཙམ་ཡིན་པས་ཧ་ཅང་བཟང་།”

ཚ་ཕུག་ཡུལ་ཚོའི་ཡུལ་གཙོ་རིན་ཆེན་གྱིས་ཡུལ་ཚོའི་ཞོག་ཁོག་ཐོན་སྐྱེད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། 

རྗེས་ཕྱོགས་ཚ་ཕུག་ཡུལ་ཚོས་གྲོང་གསེབ་དར་སྤེལ་གྱི་བྱ་གཞག་ཁྲོད་དུ། ཞོག་ཁོག་ཐོན་ལས་གོང་དུ་སྤེལ་བ་བརྒྱུད་དེ། “གསེར་རྡོག་རྡོག”འདི་ལ་གསེར་གྱི་གཤོག་ཟུང་བསྣན་ནས་མང་ཚོགས་ལ་ཁེ་ཕན་སྔར་ལས་ཆེན་པོ་བསྐྲུན་རྒྱུ་རེད།

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།