མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་རྒྱུགས་ལེན་བྱ་བའི་མཐུན་སྦྱོར་གྲོས་ཚོགས་བསྡུས།
2022.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། ད་ལོའི་གཞུང་ཞབས་པ་བསྡུ་པའི་བྱ་བ་ནི་རྒྱལ་ཡོངས་སུ་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་གནས་བབ་འོག་རྩ་འཛུགས་དང་ལག་བསྟར་བྱེད་དགོས་ལ། ལས་ཞུགས་དང་དམངས་སེམས་བདེ་ལ་འགོད་པའི་ལས་འགན་གལ་ཆེན་ཕྲག་ལ་བབས་ཡོད། ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་གཞུང་ཞབས་པ་བསྡུ་བའི་རྒྱུགས་ཀྱི་ཆབ་སྲིད་ཀྱི་དོན་སྙིང་ལ་ངོས་འཛིན་ཡང་དག་བྱེད་དགོས་ལ། ཆབ་སྲིད་ཀྱི་ལས་འགན་ཁུར་སེམས་ཇེ་དྲག་ཏུ་གཏོང་དགོས། ངེས་པར་དུ་ལས་འགན་ཁག་ཁུར་ཇེ་དྲག་ཏུ་བཏང་ནས་ལག་ཤེས་པའི་སྙིང་སྟོབས་ཀྱིས་རྒྱུགས་ལེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་སྒྲིག་ཁྲིམས་ལྟར་ཡིག་རྒྱུགས་བྱ་བ་ཁག་ལེགས་པར་སྤེལ་དགོས་ལ། བྱ་བའི་སྒྲིག་ལམ་ནན་མོར་བཟུང་ནས་རང་རེའི་ཞིང་ཆེན་གྱི་གཞུང་ཞབས་པ་བསྡུ་པའི་རྒྱུགས་ཀྱི་གཟབ་ནན་རང་བཞིན་དང་དབང་དྲག་རང་བཞིན། དྲང་བདེན་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་དགོས།

གྲོས་ཚོགས་ནས་བླང་བྱ་བཏོན་དོན། རིམ་པ་གཙོ་བོ་དམ་འཛིན་བྱས་ནས་ལས་འགན་བྱེད་ཐབས་ཁག་དངོས་འབེབས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། རྩ་འཛུགས་སྡེ་ཁག་གིས་མཐུན་སྦྱོར་སྤྱི་འདོམས་བྱེད་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་སྤྱི་བདེ། འགྲིམ་འགྲུལ། འཕྲོད་བསྟེན་བདེ་ཐང་སོགས་ལས་ཁུངས་ཀྱིས་རང་གི་ལས་གནས་བརྟན་སྲུང་བྱེད་དགོས། རྒྱུགས་ལེན་བྱ་བའི་འཛུབ་སྟོན་ལ་ཤུགས་སྣོན་པ་དང་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལས་འགན་དོན་འཁྱོལ་བྱེད་ཤུགས་ཇེ་ཆེར་བཏང་ནས་གཅིག་གྱུར་བཀོད་འདོམས་བྱེད་པ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པ། གཅིག་གྱུར་འཛུབ་སྟོན་བྱེད་པ། གཅིག་གྱུར་འགུལ་སྐྱོད་བྱེད་དགོས། འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ནས་ཐོལ་བྱུང་དོན་རྐྱེན་གང་རུང་ལ་འཕྲལ་དུ་ཐག་གཅོད་བྱེད་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱུགས་ལེན་བདེ་འཇགས་ཐད་གཟབ་གཟབ་བྱེད་དགོས་ལ། རྒྱུགས་ལེན་བྱ་བ་དང་རིམས་ནད་འགོག་སྡོམ་བྱ་བར་མཉམ་དུ་འཆར་འགོད་བྱེད་པ་དང་མཉམ་དུ་བཀོད་སྒྲིག་བྱེད་དགོས། རྒྱུགས་ཤོག་གི་གསང་བར་འགན་སྲུང་བྱེད་པ་དང་གཟབ་ནན་ངང་རྒྱུགས་ལེན་ས་ཚིགས་དང་རྒྱུགས་ར་བཀོད་སྒྲིག་བྱེད་པ། ལས་དོན་མི་སྣའི་དོ་དམ་དང་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱས་ནས་ད་ལོའི་གཞུང་ཞབས་པའི་རྒྱུགས་ལེན་བྱ་བ་བདེ་ལེགས་ངང་སྤེལ་བར་འགན་སྲུང་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།