རང་ཞིང་གིས་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལ་དམིགས་ཏེ་དངུལ་བུན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་གཏོང་བའི་འཆར་གཞི་བཀོད། ་
2022.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་ཆེད། ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལ་དམིགས་ཏེ་དངུལ་བུན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་གཏོང་བའི་འཆར་གཞི་བཀོད་པ་དང་། སྔོན་དཔག་བྱས་ན་ལས་གཞིའི་ཐད་ལ་སྒོར་ཐེར་ཆེན་གསུམ་ཡན་གྱི་མ་དངུལ་གཏོང་བར་སྣེ་ཁྲིད་བྱས་པས། རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་ལས་འགན་སྲུང་བྱེད་པ་དང་། རྒྱུན་མཐུད་སྒོས་རང་ཞིང་ནི་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་སྐྱོད་པར་རོགས་འདེགས་བྱེད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སྔོན་འགྲོ་གཅིག་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཕན་མཐོ་དངོས་གཉེར་གྱི་དངུལ་བསྡུ་མཉམ་ལས་ཇེ་མང་དུ་གཏོང་རྒྱུ་རེད། སྐྱེ་ཁམས་ཕྱོགས་ནས་གཙོ་བོ་ཆུ་བེད་དང་གད་སྙིགས་བཙོག་ཆུ་ཐག་གཅོད། ཆུ་མཁོ་འདོན་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་ལས་གཞི་ཆེན་པོའི་དངུལ་བསྡུ་ལ་ཞབས་འདེགས་ཞུ་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ནས་གཙོ་བོ་གྲོང་ཁྱེར་འཛུགས་སྐྲུན་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས། མཐོ་རིམ་གསར་བཟོ་ལས་རིགས། གྲོང་གསེབ་དར་སྤེལ་སོགས་ཀྱི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།