ཉི་གློག་ཐོན་ལས་ཀྱིས་སུམ་མདོའི་མང་ཚོགས་ལ་ཕན་ཁེ་བསྐྲུན།
2022.03.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 472

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཡུལ་ཚོས་རང་ས་གནས་སུ་ཉི་འོད་མོད་པོའི་ཁྱད་སྟོབས་ལ་བརྟེན་ནས་ཉི་གློག་ཐོན་ལས་གོང་དུ་སྤེལ་བས། ཉི་གློག་གིས་སུམ་མདོའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

སུམ་མདོ་ཡུལ་ཚོའི་ཡུལ་གཙོ་མཱ་དབྱི་ཏི་ཡིས་བཤད་པ་ལྟར་ན། ལོ་འདི་འགར་སུམ་མདོ་ཡུལ་ཚོས་རང་རེའི་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་པའི་བླང་བྱ་གཞིར་བཟུང་ནས། ཉི་གློག་ཐོན་ལས་གོང་དུ་སྤེལ་བ་དེས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་ཕན་འབྲས་ཆེན་པོ་བསྐྲུན་ཡོད་ཟེར།སུམ་མདོ་སྡེ་བས་ཉིས་སྟོང་བཅོ་བརྒྱད་ལོར་ཉི་འོད་གློག་འདོན་ལས་གཞིར་སྒོར་འབུམ་ལྔ་མ་རྐང་དུ་བཞག་པ་དང་། ལོ་གསུམ་གྱི་རིང་ལ་ཉི་གློག་ལས་གཞིས་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་ལྔ་བཙལ།

སུམ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་རབ་བརྟན་གྱིས་བཤད་རྒྱུར། “ཉིས་སྟོང་བཅོ་བརྒྱད་ལོར། ང་ཚོ་སྡེ་བས་ཉི་གློག་ཐད་སྒོར་ཁྲི་ལྔ་བཅུ་མ་རྐང་དུ་བཞག་པ་ཡིན། ཉིས་སྟོང་བཅོ་བརྒྱད་ནས་ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་བར་དེའི་ཡོང་སྒོ་སྒོར་ཁྲི་བརྒྱ་དང་ལྔ་བཅུ་ང་ལྔ་ལོན་སོང་ལ། ཡོང་སྒོའི་དེའི་ཁྲོད་ནས་སྡེ་བའི་ཁོར་སྲུང་མི་སྣ་ཉེར་ལྔ་ཡོད་པར་མི་རེར་ལོ་གཅིག་ལ་སྒོར་ཁྲི་གཉིས་དང་ཉིས་བརྒྱའི་གླ་ཕོགས་བྱིན་པ་དང་། བསྡོམས་པས་སྒོར་ཁྲི་ཉེར་དྲུག་ཙམ་བྱིན་པ་ཡིན། ”

སུམ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་རབ་བརྟན་གྱིས་སྡེ་བའི་ཉི་གློག་ཐོན་ལས་ཀྱི་ཡོང་སྒོའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

ཉི་གློག་གི་ཡོང་སྒོ་ནི་གཙོ་བོར་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ་དང་། རྨང་གཞིའི་སྒྲིག་ཆས་ལེགས་སྒྱུར་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐག་བཅད་དེ་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་གཏོང་བ་སོགས་ཀྱི་ཐད་དུ་བཀོལ་བཞིན་ཡོད། སུམ་མདོ་སྡེ་བའི་སྡེ་མི་སངས་རྒྱས་སྐྱབས་ཀྱིས་བཤད་རྒྱུར། “ང་ལ་སྡེ་བས་གད་སྙིགས་ཕྱགས་པའི་ལས་ཀ་བྱིན་སོང་། ལོ་ན་ཅུང་ཆེ་བ་དང་ས་གཞན་དུ་ལས་ཀར་འགྲོ་མི་ཐུབ་པས། སྡེ་བའི་ལས་ཀ་འདི་བྱིན་ནས་ཟླ་རེར་སྒོར་བརྒྱད་བརྒྱ་དང་ལྔ་བཅུ་དང་ལོ་རེར་སྒོ་ཁྲི་གཅིག་དང་ཉིས་བརྒྱ་སྟེར་བཞིན་པ་འདི་ང་ལ་མཚོན་ན་ཧ་ཅང་བཟང་།”

སྡེ་མི་སངས་རྒྱས་སྐྱབས་ཀྱིས་སྤྱི་ཕན་ལས་གནས་ཀྱི་ཕན་ཁེ་གླེང་བཞིན་པ། 

སུམ་མདོ་སྡེ་བའི་སྡེ་མི་ཚེ་འཛོམས་སྐྱིད་ཀྱིས་བཤད་རྒྱུར། “ང་རང་ཉིད་ནི་སྡེ་བའི་ཁོར་ཡུག་གཙང་སྦྲ་བ་ཡིན། ཁོར་ཡུག་ལ་གཙང་སྦྲ་བྱས་ན་བཟང་ཆ་ཤིན་ཏུ་མང་། ཁོར་ཡུག་གི་གཙང་སྦྲ་བཟང་ཚེ་སྡེ་མིའི་ཁམས་དྭངས་པ་དང་སེམས་སྐྱིད། མི་རང་ཉིད་ཀྱང་སེམས་དྭངས།”

སྡེ་མི་ཚེ་འཛོམས་སྐྱིད་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ། 

མིག་སྔར་ཉི་གློག་ཐོན་ལས་ནི་སུམ་མདོའི་མང་ཚོགས་ཀྱི་ཕྱུག་འགྱུར་ལག་རོགས་སུ་གྱུར་ཡོད་པར་མ་ཟད། མ་འོངས་བདེ་སྐྱིད་འཚོ་བའི་ལམ་སྣ་འདྲེན་པའི་འོད་སྣང་དུ་གྱུར་ཡོད།


གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།