དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་མང་ཚོགས་ལ་ཁྲིད་སྟོན་གང་བཟང་བྱས།
2022.03.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 203

ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བ་བཟའ་ཡུལ་ཚོའི་ཚེ་རིག་སྡེ་བར་ཐོན་པ་ན། སྡེ་བ་དེའི་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་མིང་ཐོག་ནས་སྡེ་བའི་ཏང་ཡོན་རྒན་པར་འཚམས་འདྲི་བྱེད་ཀྱིན་འདུག

རྒྱུས་ལོན་བྱུང་བ་ལྟར་ན། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་འདི་ན་ནིང་གི་ཟླ་དང་པོའི་ནང་དངོས་སུ་བཙུགས་ཤིང་། སྡེ་བའི་ལས་བྱེད་པས་ལས་སྟེགས་འདིའི་མིང་ཐོག་ནས་གོང་རིམ་གྱི་སྲིད་ཇུས་དང་རིམས་འགོག་རྒྱུན་ཤེས། མེ་ཟོན་མེ་འགོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་བཅས་དུས་ལྟར་བསྒྲགས་ཏེ། དམངས་ཕན་ཞབས་ཞུའི་ལས་རིགས་གང་མང་སྒྲུབ་ཀྱིན་ཡོད། བ་བཟའ་ཡུལ་ཚོ་ཚེ་རིག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རིག་འཛིན་གྱིས་བཤད་རྒྱུར།“དུས་རབསགསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་མི་ཚོགས་ལ་ཕན་ཆེན་པོ་ཐོགས། བྱ་བའང་མང་པོ་བསྒྲུབས་པ་ཡིན། ཆགས་བཞག་ན་སྡེ་བ་འདིའི་ལུང་བའི་ཕུ་ལ་ནགས་ཚལ་མེ་འགོག་གི་ལམ་ལས་པ་དང་། སྡེ་བའི་ཁྱིམ་ཚང་བཅུ་གསུམ་ལ་ཆུ་འཐེན་པ་སོགས་ཡིན།”

ཚེ་རིག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རིག་འཛིན་གྱིས་སྡེ་བའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་ཕན་ནུས་གླེང་བཞིན་པ།

དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཐེངས་གང་མང་ལ་བསྒྲགས་པས། ས་གནས་མང་ཚོགས་ཀྱི་ཆབ་སྲིད་བསམ་བློའི་གོ་རྟོགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་སུམ་གྱིས་ཇེ་མཐོར་ཕྱིན། ཚེ་རིག་སྡེ་བའི་སྡེ་མི་དཀོན་མཆོག་རྒྱན་གྱིས་བཤད་རྒྱུར། “སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན་གྱིས་མང་ཚོགས་ལ་རྒྱུན་དུ་སྲིད་ཇུས་བསྒྲགས་བཞིན་ཡོད་ལ། ཆུ་དང་ནགས་སོགས་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་ཡང་བཤད་བཞིན་ཡོད། ”

བ་བཟའ་ཡུལ་ཚོ་ཀན་ཆེན་མདོ་སྡེ་བའི་དཔལ་ཡོན་ལག་ལེན་ས་ཚིགས།

དེང་སྐབས་བ་བཟའ་ཡུལ་ཚོ་ཚེ་རིག་སྡེ་བའི་དཔལ་ཡོན་ལག་ལེན་ས་ཚིགས་འདི་ཉིད་ས་གནས་སྲིད་གཞུང་དང་མང་ཚོགས་བར་གྱི་འབྲེལ་ཟམ་ལྟ་བུ་དང་། ས་གནས་མང་ཚོགས་ཀྱི་སྟོབས་ཤུགས་ཅི་ཡོད་གོང་བུར་སྒྲིལ་བྱེད་ཀྱི་འབྲེལ་ཐག་ལྟ་བུར་གྱུར་ཡོད། བ་བཟའ་ཡུལ་ཚོའི་ཡུལ་གཙོ་བདེ་སྐྱིད་ཀྱིས་བཤད་རྒྱུར། “ང་ཚོ་ཡུལ་ཚོའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཁང་གིས་དུས་ནམ་ཡང་དང་བླངས་ཞབས་ཞུ་གཙོ་བོ་དང་དཔལ་ཡོན་ལག་ལེན་གྱི་བརྗོད་སྙིང་འབུར་དུ་ཐོན་པར་བྱས་པ་དང་། དེས་མི་ཚད་དང་བླངས་ཞབས་ཞུ་ནི་ལག་ལེན་ཁྲོད་ཀྱི་གཙོ་བོར་བཞག་སྟེ། མིག་སྔའི་ལས་དོན་གཙོ་བོ་དང་སྦྲེལ་ནས། རང་གི་ལས་ཀར་རང་གིས་འགན་ཁུར་བ་དང་། ང་ལས་གནས་སྟེང་ཡོད་ཚེ་ཁྱོད་སེམས་བདེ་མོ་བྱོས་ཆོག་ཅེས་པའི་བྱ་འགུལ་སྤེལ་ནས་ཁྱིམ་ཚང་སོ་སོར་སོང་ནས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་དྲིལ་བསྒྲགས་བྱེད་བཞིན་ཡོད།”

བ་བཟའ་ཡུལ་ཚོའི་ཡུལ་གཙོ་བདེ་སྐྱིད་ཀྱིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། 

དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་མཐའ་འཁྱོལ་བྱེད་པར་ནུས་པ་ཆེན་པོ་བཏོན་ནས། ས་གནས་མང་ཚོགས་ལ་ཁྲིད་སྟོན་གང་ལེགས་བྱེད་ཀྱིན་ཡོད།

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།