ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཡན་ལག་སློབ་གྲྭ་མདེལ་གཉིས་སྐར་གཅིག་གི་ཕུགས་བསམ་ཡིད་རྟོན་སློབ་གསོ་སློབ་གླིང་གི་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་ཆེད། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལྟར། མདེལ་གཉིས་སྐར་གཅིག་ཕུགས་བསམ་ཡིད་རྟོན་སློབ་གསོ་སློབ་གླིང་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བའི་ཚེས་གཉིས་ཉིན་སྒོ་བྱང་བཀལ་ཏེ་དངོས་སུ་བཀོལ་སྐྱོད་བྱེད་འགོ་བརྩམས། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བར། སློབ་གླིང་གི་ཆུ་ཚད་མཐོ་བའི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུས་ཞིབ་འཇུག་བྱས་ཏེ་སློབ་གླིང་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཐད་ཀར་དོ་དམ་སྡེ་ཁག་ཏུ་བསྒྱུར་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཡན་ལག་སློབ་གྲྭའི་སྒོ་བྱང་འགེལ་རྒྱུ་ཐག་བཅད།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མདེལ་གཉིས་སྐར་གཅིག་ཡན་ལག་སློབ་གྲྭ་བཙུགས་པ་དེ་ནི་ཏང་ཀྲུང་དབྱང་གི་གནས་བབ་གསར་པའི་འོག་གི་ཏང་གི་སློབ་གྲྭའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གསར་པ་ཞིག་ཡིན་པ་དང་། མདེལ་གཉིས་སྐར་གཅིག་ཕུགས་བསམ་ཡིད་རྟོན་སློབ་གསོ་སློབ་གླིང་གི་སློབ་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གསར་བརྗེ་སློབ་གསོའི་མཚོ་སྔོན་གྱི་མིང་རྟགས་བསྐྲུན་པའི་ཐད་དོན་སྙིང་གལ་ཆེན་ལྡན།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཡན་ལག་སློབ་གྲྭ་བཙུགས་རྗེས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐོན་ཁུངས་མཉམ་སྤྱོད་དང་གཅིག་བསྡུས་ཤུགས་འདོན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མདེལ་གཉིས་སྐར་གཅིག་ཕུགས་བསམ་ཡིད་རྟོན་སློབ་གསོ་སློབ་གླིང་གི་བྱ་བར་རྒྱབ་སྐྱོར་བྱ་ཐུབ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་རང་རྟོགས་ཀྱིས་ཞིང་ཆེན་ཨུས་སྤྲད་པའི་འགན་འཁྲི་ཁག་ཁུར་བྱེད་པ་དང་། སློབ་གྲྭ་རང་གིས་ཡན་ལག་སློབ་གྲྭར་མཛུབ་སྟོན་རོགས་སྐྱོར་བྱེད་པའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ། ཡན་ལག་སློབ་གྲྭའི་གསར་བརྗེ་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ། སློབ་ཁྲིད་གསོ་སྦྱོང་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་འགན་འཁྲི་གཙོ་བོ་དང་ལས་སྒོ་གལ་ཆེན་སྔར་ལས་ལག་བསྟར་བཟང་བོ་བྱེད་རྒྱུ་རེད། མདེལ་གཉིས་སྐར་གཅིག་ཕུགས་བསམ་ཡིད་རྟོན་སློབ་གསོ་སློབ་གླིང་གིས་དེ་གོ་སྐབས་སུ་བརྩི་བ་དང་མདེལ་གཉིས་སྐར་གཅིག་གསར་བརྗེའི་ཐོན་ཁུངས་ལ་དམ་དུ་དམིགས་ཏེ་གསར་བརྗེ་སློབ་གསོའི་མཚོ་སྔོན་གྱི་མིང་རྟགས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྤེལ་བ་དང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་དང་རྒྱལ་ཡོངས་ལ་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།