ཟླ་གཉིས་པའི་ཚུན་ལ། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་འབྲེལ་འདྲིས་སྡེ་བ་སྟེ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཧྲ་ལེན་པུའུ་ཡུལ་ཚོ་ཧྲ་དབྱི་སྡེ་བ་ནས་མུ་མཐུད་དུ་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། སྒྲོག་འགྲེལ་བྱ་འགུལ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་དངོས་སུ་འགོ་བརྩམས། ཟླ་གསུམ་པའི་ཚེས་བདུན་ཉིན། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱི་སྡེ་སྡོད་བྱ་བའི་རུ་ཁག་དང་ཧྲ་དབྱི་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་ཏེ། རིན་ཐང་སྒོར་སྟོང་ལྔའི་འཚོ་བའི་མཁོ་ཆས་བྱིན་པ་དང་། ཀྲུང་དབྱང་གི་ཡིག་ཆ་དང་པོའི་དྲིལ་བསྒྲགས་རྒྱུ་ཆ་བརྒྱ་ལྷག་བྱིན་པར་མ་ཟད། སྨན་བཅོས་མི་སྣ་བཀོད་སྒྲིག་བྱས་ཏེ་སྡེ་དམངས་ཡོངས་ལ་བདེ་ཐང་གི་ཚན་རིག་ཁྱབ་སྤེལ་དང་སྨན་བཅོས་ཞབས་ཞུའི་བྱ་བ་སྤེལ། སྡེ་སྡོད་བྱ་བའི་རུ་ཁག་གིས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་བཀོལ་ནས་ཧྲ་དབྱི་སྡེ་བའི་སྡེ་དམངས་ལ་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། སྡེ་དམངས་ཀྱིས་རྒྱང་བསྒྲགས་དང་བརྙན་འཕྲིན། ཁ་པར་སོགས་བརྒྱུད་དེ་སློང་སྦྱོང་དཔྱིས་ཕྱིན་བྱེད་དགོས་པ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སྡེ་སྡོད་བྱ་བའི་རུ་ཁག་བཅས་ཀྱི་བྱ་བར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་ཀྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་ཐད་བློ་འདོན་ཇུས་འབུལ་བྱེད་པ་བཅས་བྱས་ནས་གྲོང་གསེབ་དར་སྤེལ་གྱི་མཉམ་ཤུགས་གྲུབ་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ལིས་ཡུས་ལིན་ཧྲ་དབྱི་སྡེ་བར་ཟབ་ཞུགས་བྱས་ཏེ་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྟོབས་དང་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཇི་མ་ཇི་བཞིན་དུ་སྡེ་བ་དང་གཞིས་ཁུལ། ཞིང་ཁྱིམ་བཅས་སུ་བརྒྱུད་བསྒྲགས་བཟང་བོ་བྱས་པར་མ་ཟད། ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་གྲུབ་འབྲས་དང་སྡེ་སྡོད་བྱ་བའི་རུ་ཁག་གི་བྱེད་ནུས་འདོན་སྤེལ། གྲོང་གསེབ་དར་སྤེལ་གྱི་ལས་འགན་གཙོ་བོར་སྐུལ་འདེད་བཏང་བ། མིག་སྔར་གྱི་དཀའ་ཁག་དང་འགལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པའི་རྨང་གཞིའི་སྟེང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ཧུར་ཐག་གིས་གྲོང་གསེབ་དར་སྤེལ་ནང་ཞུགས་པར་སྐུལ་འདེད་གཏོང་བའི་ཐད་རྟོག་ཞིབ་བྱས། འབྲེལ་འདྲིས་སྡེ་བའི་དངོས་ཡོད་གནས་ཚུལ་དང་ཐོན་ལས། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཁྱབ་ཁོངས་ལྔ་དང་ཟུང་འབྲེལ་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་སྡོད་བྱ་བའི་རུ་ཁག་དང་མཉམ་དུ་འབྲེལ་འདྲིས་སྡེ་བའི་འཕེལ་རྒྱས་གནས་བབ་ལ་ཞིབ་འཇུག་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་བསམ་ཕྱོགས་ལ་འཆར་འགོད་བྱས་པར་མ་ཟད། ལྷག་པར་དུ་མཐོང་རྒྱ་བསྐྱེད་པ་དང་ཁྱད་ལྡན་ཐོན་ལས་འཚོལ་ཞིབ་བྱེད་པ། ཞིང་ལས་ཐོན་འཕར་དང་ཞིང་བའི་ཡོང་སྒོ་འཕར་བ་མངོན་འགྱུར་བྱེད་པ། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་མི་སྣའི་ཧུར་ཐག་རང་བཞིན་འདོན་སྤེལ་བཟང་བོ་བྱེད་པ། རང་གིས་ལས་སྐྲུན་བྱས་ནས་ཕྱུག་འགྱུར་བྱེད་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐུལ་སྤེལ་གཉིས་མངོན་འགྱུར་བྱེད་པ། སྡེ་བ་ཡོངས་ཀྱི་མང་ཚོགས་རྣམས་གྲོང་གསེབ་དར་སྤེལ་གྱི་སྤྱི་ཡོངས་ཁྲོད་ཞུགས་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་སོགས་ཐད་ནས་མཛུབ་སྟོན་བྱས་པ་དང་བསམ་འཆར་བཏོན།
དེ་མིན། སྡེ་སྡོད་བྱ་བའི་རུ་ཁག་གིས་གཅིག་བསྡུས་གྲོས་ཚོགས་དང་སྐད་འཕྲིན་ཚོགས་པའི་ཁྲིད་སྟོན། དྲིལ་སྒྲོག་རྒྱུ་ཆ་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡིག་ཆ་དང་པོའི་དགོངས་དོན་སྒྲོལ་འགྲེལ་བཟང་བོ་བྱས་ཏེ་མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་སྲིད་ཇུས་ཀྱིས་ནུས་ལྡན་སྒོས་དམངས་ཚིས་ཕན་ཐོགས་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།