ད་ལོར་རང་ཞིང་གིས་རྨང་གཞིའི་སློབ་གསོའི་སློབ་གྲྭ་ལྔ་བཅུ་གསར་དུ་འཛུགས་སྐྲུན་དང་རྒྱ་བསྐྱེད་རྒྱུ་རེད།
2022.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་ཉིས་སྟོང་ཉེར་གཉིས་ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་བཅོལ་ཁང་གི་སློབ་སྒྲུབ་ཆ་རྐྱེན་ཞན་པ་དང་མི་དམངས་མང་ཚོགས་ཀྱིས་ཧ་ཅང་ཡིད་འཇོག་བྱེད་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྔོན་སློབ་གསོའི་སྒྲིག་ཆས་འཛུགས་སྐྲུན་དང་འོས་འགན་སློབ་གསོའི་ལས་རིམ་ཞན་པ་ལེགས་བཅོས་དང་ནུས་པ་མཐོར་འདེགས་སུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། རྨང་གཞིའི་སློབ་གསོའི་སློབ་གྲྭ་ལྔ་བཅུ་གསར་འཛུགས་དང་རྒྱ་བསྐྱེད་པ་དང་། ལག་བསྟར་གྱི་ཁྱབ་ཁོངས་དེ་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁེབས་པར་བྱེད་རྒྱུ་རེད།

སློབ་གསོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་ནི་སློབ་གསོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་འགན་སྲུང་གལ་ཆེན་ཡིན་ལ།   སློབ་གསོའི་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པ་དེས་མི་དམངས་ཡིད་ཚིམས་པའི་སློབ་གསོ་བསྒྲུབ་པར་ཡར་སྐུལ་གྱི་ནུས་པ་ཆེན་པོ་འདོན་ངེས་རེད། ཞིང་ཆེན་སློབ་གསོ་ཐིན་གྱིས་ཚན་རིག་དང་མཐུན་པར་སློབ་གྲྭའི་བཀོད་སྒྲིག་ལ་འཆར་འགོད་བྱེད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་སློབ་གསོའི་ཐོན་ཁུངས་མཁོ་འདོན་རྒྱ་བསྐྱེད་ནས། སློབ་མའི་སློབ་ཞུགས་དགོས་མཁོ་སྐོང་བར་བྱེད་རྒྱུ། གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཞན་པའི་ལས་རིམ་གཅིག་སྡུད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སློབ་སྒྲུབ་ཆ་རྐྱེན་གྱི་མི་འདང་ས་ཁ་གསབ་བྱེད་རྒྱུ། གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་སློབ་སྒྲུབ་ནུས་པ་མཐོར་འདེགས་སུ་གཏོང་བ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་སློབ་ཁྲིད་དང་འཚོ་བའི་གཞི་རྩའི་དགོས་མཁོ་ཐོག་མར་སྐོང་བྱས་ནས། སློབ་སྒྲུབ་ཆུ་ཚད་མཐོར་འདེགས་སུ་འགྲོ་བར་རོགས་འདེགས་བྱེད་ངེས་རེད།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།