རང་ཞིང་གི་རིག་གནས་གནས་སྐོར་ཁེ་ལས་བཅུ་ལ་དངུལ་བུན་སྒོར་དུང་ཕྱུར་གསུམ་ཐོབ།
2022.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་དངུལ་རྩས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་དངུལ་ཁང་དང་ཁེ་ལས་བར་གྱི་འབྲེལ་མཐུད་ཚོགས་འདུ་བསྡུས། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་ཀྱི་འབྲེལ་མཐུད་སྟེགས་བུ་གསར་སྐྲུན་བྱས་པ་བརྒྱུད། དངུལ་རྩ་སྒྲིག་གཞི་དང་རིག་གནས་གནས་སྐོར། ཁེ་ལས་བཅས་བར་གྱི་ཆ་འཕྲིན་བརྗེ་རེས་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། རིག་གནས་དང་གནས་སྐོར་ལས་རིགས་ལ་མ་དངུལ་མཁོ་བའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རང་ཞིང་གི་རིག་གནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཚོགས་ཐོག་ནས་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་འགྲེལ་ཀློག་བྱས་ཤིང་། རིག་གནས་གནས་སྐོར་ཁེ་ལས་ཀྱི་འཐུས་མིས་ཁེ་ལས་རང་སྟེང་གི་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ཁག་དང་དངུལ་བསྡུའི་དགོས་མཁོ་ཐད་ནས་གཏམ་བཤད་པ་དང་། དངུལ་རྩའི་སྒྲིག་གཞིས་དངུལ་རྩས་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནས་ཉམས་མྱོང་བརྗེ་རེས་བྱས། རིག་གནས་དང་གནས་སྐོར་ཁེ་ལས་བཅུ་དང་དངུལ་རྩའི་སྒྲིག་གཞི་དྲུག་གིས་དངུལ་བུན་སྒོར་དུང་ཕྱུར་གསུམ་ཙམ་བསྐྱི་བའི་གྲོས་མཐུན་བཀོད།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།