ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་དུ། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧའེ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་གྱི་གསར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་ནད་པ་ལྔའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་སྨན་པ་དཀའ་བཅུ་པ་ཀྲའོ་ཝུན་ཆིས་ཀྱིས་འབྲེལ་ཡོད་གནད་དོན་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ་པར་མ་ཟད། དེའི་སྐོར་ནས་ཆེད་ལས་ཀྱི་གསལ་འདེབས་བྱས།
ཟླ་བཞི་པའི་ཚེས་གསུམ་ཉིན། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ལྔ་གཏན་འཁེལ་བྱས།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་གྱི་སྟེང་དུ། ཟི་ལིང་གྲོང་ཁྱེར་དུ པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ལྔ་བྱུང་ཡོད་ཅིང་། རིམས་ནད་ཕོག་པའི་ནད་པ་དེ་དག་ཚང་མ་ཧྲང་ཧའེ་གྲོང་ཁྱེར་ཆིན་ཕུའུ་ཆུས་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་ཡིན། ཆིན་ཕུའུ་ཆུས་ནི་ཉེན་ཁ་ཆེན་པོ་མིན་པའི་ས་ཁོངས་སུ་གཏོགས།
ཞིང་ཆེན་རིམ་པའི་ཆེད་མཁས་ཚན་ཆུང་གིས་ནད་ཐོག་བརྟག་དཔྱད་བྱས་པ་བརྒྱུད་དེ། གཞི་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཡང་མོ་བཞི་དང་། སྤྱིར་བཏང་གི་ནད་པ་གཅིག་བཅས་གཏན་འཁེལ་བྱས།
མིག་སྔར། པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གྱི་མི་ལྔ་བོ་གཞན་སྐྱེལ་ལོགས་བཀར་བྱས་ཟིན་ལ། ད་ལྟ་འབྲེལ་ཡོད་ཀྱི་རིམས་ནད་བརྟག་དཔྱད་དང་ཚོད་ལྟ་ཁང་གི་ཚད་ལེན། འབྲེལ་འདྲིས་དམ་ཟབ་ཅན་དག་ལ་རྗེས་འདེད་དོ་དམ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།
ནད་རྟགས་ངོས་བཟུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་རོས་ཧྥུན་གྱིས་ཐོག་དང་པོར་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཚོགས་འདུར་འགོ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་བྱ་བར་བཀོད་སྒྲིག་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁུང་ལིན་ཏུང་གིས་ཡུལ་དངོས་ནས་བཀོད་འདོམས་དང་བཀོད་གཏོང་བྱས་ནས། རིམས་ནད་སྔོན་འགོག་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་བྱ་བར་མཛུབ་སྟོན་བྱས་ལ། གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་འཕྲལ་བསྟུན་བྱེད་ཐབས་མྱུར་དུ་སྤྱད། མིག་སྔར་གཙང་བཤེར་ཐུབ་པའི་ཉེན་ཁ་ཅན་གྱི་མི་སྣ་ཚང་མར་དོ་དམ་ཚོད་འཛིན་བྱེད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།