2022ལོའི་ཁུ་ནུ་འཆད་སྟེགས་སྐབས་བཞི་པ་ཟི་ལིང་ནས་སྤེལ་འགོ་བརྩམས།
2022.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་བཞི་པའི་ཚེས་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱ་སློབ་གླིང་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་པའི2022ལོའི་ཁུ་ནུ་འཆད་སྟེགས་སྐབས་བཞི་པ་ཟི་ལིང་ནས་སྤེལ་འགོ་བརྩམས་པ་དང་། སྨྱན་བྱད་མི་སྣ་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་དང་ཉེན་ཁ་ཐག་གཅོད་ཆེད་མཁས་པ་ཝང་ཧུའེ་ཡིས་ཁ་བྱང་ལ་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་གླེང་ཕྱོགས་ཁྲིད་སྟོན་ཞེས་པའི་བརྙན་རིས་ཐད་གཏོང་འཆད་ཁྲིད་གནང་།

འཆད་ཁྲིད་སྐབས་སུ། ཝང་ཧའེ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་གླེང་ཕྱོགས་ཁྲིད་སྟོན་ཞེས་པའི་བརྗོད་དོན་ལ་དམིགས་པ་དང་། དུས་སྐབས་གསར་བའི་སྨྱན་བྱད་ཡོངས་ཀྱི་བརྒྱུད་སྒྲོག་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས། སྨྱན་བྱད་གསར་བའི་དུས་སྐབས་སུ་འགོ་ཁྲིད་ལས་བྱེད་པས་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲི་འདུ་ཤེས་ཅི་ལྟར་ཇེ་མཐོར་གཏོང་བ་གསལ་བོར་གླེང་བ་དང་། དྲ་རྒྱའི་བརྒྱུད་སྒྲོག་གིས་ཁྱེར་ཡོང་བའི་འགྲན་རྩོད་གསར་བ་དང་གནད་དོན་གསར་བ་ཐག་བཅད་ལ། སྨྱན་བྱད་དང་མཉམ་འབྲེལ་དྲ་རྒྱས་སྲིད་གཞུང་གི་དྲིལ་སྒྲོག་ཐད་ཁྱེར་ཡོང་བའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་བྱས་པ་དང་། གཙོ་བོར་འགོ་ཁྲིད་ལས་བྱེད་པས་སྨྱན་བྱད་ཀྱི་ལམ་བུ་བརྒྱུད་དེ་རང་འགུལ་གྱིས་གླེང་ཕྱོགས་ལ་སྣེ་ཁྲིད་ཡང་དག་བྱེད་པ་དང་། དུས་ཐོག་ཏུ་མི་དམངས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ་དང་མང་ཚོགས་ཀྱི་དོགས་གནད་ཐད་ལན་འདེབས་པའི་བྱེད་ཐབས་དང་ཐབས་ལམ་གསལ་བཤད་བྱས། འཆད་ཁྲིད་ལ་བལྟས་པའི་རང་ཞིང་གི་ཏང་ཡོན་ལས་བྱེད་པས། ཐེངས་འདིའི་འཆད་ཁྲིད་ཀྱི་གོ་ཆོད་རང་བཞིན་ཧ་ཅང་ཆེ་ལ། འགོ་ཁྲིད་ལས་བྱེད་པས་འདུ་ཤེས་འཛིན་སྟངས་བྱ་བ་བཟང་བོར་བསྒྲུབ་པ་དང་། སྨྱན་བྱད་བར་འབྲེལ་འདྲིས་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་གཏོང་བའི་ཐད་ཕན་ལྡན་གྱི་བསམ་ཕྱོགས་དང་བྱེད་ཐབས་མང་པོ་འདོན་སྤྲོད་བྱེད་བྱས་ཟེར།

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ལས་བྱེད་པ་ལྔ་བརྒྱ་ལྷག་གིས་འཆད་ཁྲིད་ལ་བལྟ་ཉན་བྱས།

རིན་ཆེན་མཚོས་བསྒྱུར།