ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། རང་ཞིང་གི་སྐོར་དང་པོའི་ལས་གཞི་ཆེན་པོ་ཉེ་སྔོན་གཅིག་བསྡུས་སྒོས་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་སུ་ལས་གཞི་འཛུགས་སྐྲུན་བྱེད་པའི་ཚ་རླབས་འཕྱུར། ཉེ་ལམ། རང་ཞིང་གི་ནོར་སྲིད་ཀྱིས་ལས་གཞི་ཆེན་པོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་ལྔ་བཏང་ནས། ཟི་ལིང་གནམ་གྲུ་ཐང་གི་སྐབས་གསུམ་པའི་བསྒྱུར་བཀོད་རྒྱ་སྐྱེད་འཛུགས་སྐྲུན་དང་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་གྲོང་ཁྱེར་བར་མཚམས་ཀྱི་སྤུས་འདེགས་བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
ཟི་ལིང་གནམ་གྲུ་ཐང་གི་སྐབས་གསུམ་པའི་རྒྱ་སྐྱེད་འཛུགས་སྐྲུན་བཟོ་སྐྲུན་ནི་རང་ཞིང་གི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་བཟོ་སྐྲུན་གཙོ་བོ་ཡིན། བཟོ་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་དགུ་བྱེ་བ་བརྒྱད་གཏོང་རྒྱུ་ཡིན་པ་དང་། འཛུགས་སྐྲུན་གྱི་ནང་དོན་ཁྲོདt3མཁའ་འགྲུལ་ས་ཚིགས་ཐོག་ཁང་རྨིད་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་སྟོང་བརྒྱད་དང་རླངས་འཁོར་འཇོག་སའི་ཐོག་ཁང་རྨིད་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ ཕྱོགས་བསྡུས་འགྲིམ་འགྲུལ་བརྗེ་སྤོར་ལྟེ་གནས་རྒྱ་སྐྱེད་ས་ཚིགས་རྨིད་གྲུ་བཞི་མ་ཁྲི་བཞི་དང་སྟོང་གཅིག དངོས་ཟོག་སྐྱེལ་འདྲེན་དང་མེ་འགོག་མེ་གསོད། གློག་འདོན། ཆུ་འདོན། དྲོད་འདོན། འཕྲིན་གཏོང་། ཐོན་སྐྱེད་རོགས་འདེགས་སོགས་སྒྲིག་ཆས་བཟོ་བཀོད་བཅས་འདུ། མིག་སྔར། བཟོ་བཀོད་དེ་དག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ལས་གཞི་འཛུགས་སྐྲུན་བྱས་རྗེས་རང་ཞིང་གི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་པོ་དང་འགྲུལ་སྐྱེལ་བསྡུ་འགྲེམ་ལྟེ་གནས་དང་པོ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒེའུ་ཁུང་བཅས་སུ་འགྱུར་རྒྱུ་རེད།
མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་སྤུས་འདེགས་བཟོ་སྐྲུན་ནི་རང་ཞིང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་འཆར་འགོད་ལག་བསྟར་བྱས་པའི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡིན་པ་དང་། ད་ཡོད་ཀྱི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་གནོད་འཚེ་བཅོས་སྐྱོང་བྱེད་པ་དང་ལྕགས་ལམ་གྱི་ལམ་རྡེའུ་བསྐྱར་འདིང་། འབབ་ཚིགས་སྟེགས་བུ་ཇེ་མཐོར་གཏོང་བ། བརྡ་རྟགས་མ་ལག་བསྒྱུར་བཀོད་བྱེད་པ། འབབ་ཚིགས་དང་འབབ་ཚིགས་རྗེས་ཀྱི་མ་ལག་བསྒྱུར་བཀོད་བྱེད་པ་སོགས་བྱེད་ཐབས་བརྒྱུད་དེ། ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་ལྕགས་ལམ་ཧྲིལ་བོ་རུ་སྤྱི་ལེ་བརྒྱ་དང་དྲུག་ཅུའི་སྒུལ་ཤུགས་གཅིག་བསྡུས་རང་བཞིན་གྱི་མེ་འཁོར་ཤར་གཏོང་བྱས། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་སྤུས་འདེགས་བཟོ་སྐྲུན་ཡང་ད་ལོར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཚོད་རྩིས་ལྟར་ན་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དགུ་ས་ཡ་དགུ་བཏང་ལ། སྤུས་འདེགས་བཟོ་སྐྲུན་འཛུགས་སྐྲུན་བྱས་རྗེས་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་ལམ་ཧྲིལ་བོའི་མེ་འཁོར་གྱི་མགྱོགས་ཚད་ཇེ་མགྱོགས་སུ་གཏོང་ཐུབ།
ཟི་ལིང་གནམ་གྲུ་ཐང་སྐབས་གསུམ་པའི་རྒྱ་སྐྱེད་འཛུགས་སྐྲུན་དང་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་སྤུས་འདེགས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་གཉིས་ལག་བསྟར་བྱས་པ་དེས་ཕྱི་ཕྱོགས་སྒོ་འབྱེད་དང་མང་ཚོགས་ཕྱིར་བགྲོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་པའི་ཐད་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་པ་དང་། དེ་ནི་རྒྱལ་ཁབ་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པའི་འདྲེན་བྱེད་གལ་ཆེན་ཡིན། རང་ཞིང་གིས་མུ་མཐུད་དུ་ནོར་སྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་། ལོ་ཧྲིལ་བོའི་བཟོ་སྐྲུན་ལག་བསྟར་འཆར་གཞི་དང་བཟོ་སྐྲུན་ལག་བསྟར་གནས་ཚུལ་ལྟར་ལས་གཞི་ཆེན་པོ་འཛུགས་སྐྲུན་ཐད་ཀྱི་མ་དངུལ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད། དེ་དང་མཉམ་དུ། ལས་སྒོ་དོ་དམ་སྡེ་ཁག་དང་མཉམ་དུ་སྔོན་རྩིས་གྲུབ་འབྲས་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས། མ་དངུལ་བཀོལ་སྤྱོད་ཕན་འབྲས་ལ་ཁག་ཐེག་བྱེད་རྒྱུ་རེད།