ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་། ནང་ནས་བསྐྱར་འཕར་འབྱུང་བར་འགོག་པའི་སྤྱིའི་འཐབ་ཇུས་ཕྱོགས་ཡོངས་དངོས་འབེབས་བྱེད་ཆེད་དང་། པྲོག་གསར་གློ་ཚད་རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་ཇེ་དམའ་རུ་གཏོང་བ ། མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ཟླ་བཞི་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གསལ་བརྡ་བཏང་བ་གཤམ་ལྟར།
ཞིང་ཆེན་གཞན་པ་ནས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་རྣམས་ཀྱིས་ཕྱིར་ཐོན་མ་ཐག་བརྟག་དཔྱད་བྱེད་པ་དང་། ཕྱིར་ཡོང་ན་དུས་ཚོད་ཞེ་བརྒྱད་ཀྱི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཡོད་དགོས་ལ། དུས་ཚོད་དང་པོའི་ནང་སྡོད་ཁུལ་དང་ལས་ཁུངས། འདུག་སའི་མགྲོན་ཁང་བཅས་ལ་ཐོ་འགོད་སྙན་ཞུ་བྱས་ནས། བདེ་ཐང་དོ་དམ་ལག་བསྟར་བྱེད་དགོས། མཚོ་སྔོན་དུ་ཐོན་པའི་དུས་ཚོད་ཉེར་བཞིའི་ནང་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་ཐེངས་གཅིག་ལ་འགྲོ་དགོས།
ཞིང་ཆེན་གཞན་པ་ནས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་ཚང་མས་རིམས་ནད་འགོག་སྡོམ་བྱེད་ཐབས་ལ་དོ་སྣང་ཟབ་མོ་བྱེད་དགོས། དུར་མཆོད་དུས་ཆེན་རྗེས་སུ། ཧྲང་ཧེ་དང་ཡང་ན་ཧྲང་ཧེ་བརྒྱུད་ནས་ཡོང་བ་དང་། ཉེན་ཁ་ཆེ་བའི་ས་ཁུལ་ནས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣར་ཉིན་བཅུ་བཞིའི་རིང་གི་གཅིག་བསྡུས་ལོགས་བཀར་ལག་བསྟར་བྱེད་དགོས། ཉེན་ཁ་ཆུང་ས་ནས་ཕྱིར་ལོག་པའི་མི་སྣའི་ལམ་ཐིག་ཨང་རིས་རྒྱུན་ལྡན་མིན་ཚེ། ཁྱིམ་དུ་བསྡད་ནས་བདེ་ཐང་ཞིབ་བཤེར་དང་། ཉིན་གསུམ་ནང་ཐེངས་གཉིས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་དགོས། བདེ་ཐང་ཨང་རིས་དང་། ལམ་ཐིག་ཨང་རིས་རྒྱུན་ལྡན་ཡིན་པའི་ཞིང་ཆེན་ཕྱིའི་མི་སྣ་ཕྱིར་ལས་གནས་སྟེང་ལོག་དུས། དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་བྱས་ནས་མཇུག་འབྲས་སྲིབ་གཤིས་ཡིན་ན་ད་གཟོད་ལས་གནས་སྟེང་ཞུགས་ཆོག
མཚོ་སྔོན་དུ་ལོག་པ་དང་མཚོ་སྔོན་དུ་ཡོང་བའི་མི་ཚང་མས་རང་ཉིད་ཀྱི་བདེ་ཐང་ཨང་རིས་རྣམ་པར་དོ་སྣང་ཟབ་མོ་བྱེད་དགོས། བདེ་ཐང་ཨང་རིས་སྔོན་པོ་མིན་པ་ཤེས་ན། མྱུར་དུ་རང་འགུལ་སྒོས་སྡོད་ཁུལ་དང་། ལས་ཁུངས། མགྲོན་ཁང་སོགས་ལ་ཡར་ཞུ་བྱེད་དགོས་ལ། མི་སྒེར་གྱི་བདེ་ཐང་ཞིབ་བཤེར་དང་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས།
མི་ཚང་མས་ཉིན་རྒྱུན་གྱི་འགོག་སྲུང་བྱ་བ་ཡག་པོར་སྒྲུབ་དགོས། ཁ་ཐུམ་རྒྱག་པ་དང་། རྒྱུན་དུ་ལག་པ་བཀྲུ་བ། སྨི་གཅིག་གི་བར་ཐག་འཇོག་པ། སྤྱི་སྤྱོད་ཐུར་མ་བཀོལ་བ། འདུ་འཛི་ཇེ་ཉུང་དུ་གཏོང་བ། རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་གོམས་གཤིས་ཡག་པོ་མུ་མཐུད་དུ་སྲུང་འཛིན་བྱེད་དགོས། མི་ཚོགས་འདུ་སར་མི་འགྲོ་བ་དང་། མཁའ་དབུགས་འཁོར་སྐྱོད་མི་བྱེད་སར་མི་འགྲོ་རྒྱུ་དང་། དུས་སྐབས་འདིར་ཞིང་ཆེན་ཕྱི་དང་ཡང་ན་ཡུལ་སྐོར་དུ་མ་སོང་ན་བཟང་།
མི་ཚང་མས་རང་གི་བདེ་ཐང་ལ་དོ་སྣང་ཟབ་མོ་བྱེད་དགོས་ཏེ། སྣ་དང་མིད་པ་མི་བདེ་བ་དང་། གློ་ལུ་རྒྱག་པ། ཧབ་སྦྲིད་རྒྱག་པ། ཚ་རྒྱས་པ་སོགས་ཀྱི་ནད་རྟགས་ཡོད་ཚེ། འགོག་སྲུང་ཡག་པོ་བྱས་པའི་གནས་ཚུལ་འོག ཚ་རྒྱས་སྒོ་བསྟེན་ཁང་ནས་ནད་ལ་བརྟག་པ་དང་། ཉིང་སྐྱུར་བཤེར་འཇལ་བྱེད་དགོས།
པྲོག་གསར་ནད་དུག་གི་འགོག་ཁབ་གང་ལེགས་སྒོས་རྒྱག་དགོས། འགོག་ཁབ་རྒྱག་པ་ནི་མིག་སྔར་པྲོག་གསར་ནད་དུག་སྔོན་འགོག་གི་བྱེད་ཐབས་ཕན་འབྲས་ལྡན་པ་ཞིག་ཡིན་པས། རྒྱ་ཆེའི་མང་ཚོགས་ཚང་མས་མྱུར་དུ་འགོག་ཁབ་རྒྱག་པ་དང་། འགོག་ཁབ་ཚང་མ་བརྒྱབ་མེད་པའི་མི་སྣས་བརྒྱབ་ནས་ཚར་དགོས།
རིམས་ནད་འགོག་སྡོམ་གཏན་འབེབས་བརྩི་སྲུང་ནན་མོ་བྱེད་དགོས། རིམས་འགོག་དུས་སྐབས་སུ། རང་འགུལ་གྱིས་ཐོ་འགོད་མི་བྱེད་པ་དང་། འགྲོ་འདུག་སྦ་གསང་བྱེད་མཁན། རིམས་ནད་ཁྱབ་སྤེལ་གྱི་ཉེན་ཁ་བཟོས་པ། རིམས་ནད་གནས་ཚུལ་རྫུན་བཟོ་བྱས་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཅའ་ཁྲིམས་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཡིན།
རིག་འཛིན་སྒྲོལ་མས་བསྒྱུར།