ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང46པ།)
2022.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང46པ།)

ཞིང་ཆེན་དང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་བྱ་བ་བཟང་པོར་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་དངོས་སུ་འགན་སྲུང་བྱེད་ཆེད། ཞིབ་འཇུག་བྱས་པ་བརྒྱུད་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ལ2022ལོའི་ཟླ4པའི་ཚེས15ཉིན་ནས་ཟླ4པའི་ཚེས17ཉིན་བར་ཏེ་བསྟུད་མར་ཉིན་གསུམ་གྱི་རིང་ཉིན་རེར་ཐེངས་རེ་སྟེ་བསྡོམས་པས་ཐེངས་གསུམ་ལ་ས་ཁོངས་ཀྱི་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུའི་ཐག་བཅད་པ་ཡིན། མཁར་ཤར་ཁུལ་གྱིས་ཟླ4པའི་ཚེས12ཉིན་མཁར་ཤར་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་སྤེལ་བའི་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་པྲོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་སྐོར་གྱི་བརྡ་ཁྱབ་ལྟར་ལག་བསྟར་བྱེད་དགོས། འབྲེལ་ཡོད་དོན་དག་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག བརྟག་དཔྱད་ཀྱི་གཞི་ཁྱོན།

1. ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་ཁོངས་སུ་གཏོགས་པའི་སྡོད་དམངས་ཡོངས། ས་གནས་འདི་དག་ཏུ་རྒྱུན་དུ་སྡོད་པའི་མི་གྲངས་དང་གནས་སྐབས་སུ་སྡོད་པའི་མི་གྲངས། གནས་སྐབས་ཀྱི་འཁོར་སྐྱོད་མི་གྲངས། ཞོར་ལས་པ་སོགས་འདུ།

2. ཞིང་ཆེན་གཞན་ནས་ཟི་ལིང་དུ་ཡོང་བ་དང་ཟི་ལིང་དུ་ཕྱིར་ལོག་པའི་མི་སྣས་རང་འགུལ་གྱིས་ཐོ་འགོད་བྱས་ཏེ་བརྟག་དཔྱད་དང་ལེན་བྱ་དགོས།

གཉིས། བརྟག་དཔྱད་ཀྱི་དུས་ཚོད།

2022ལོའི་ཟླ4པའི་ཚེས15ཉིན་ནས་ཟླ4པའི་ཚེས17ཉིན་བར་གྱི་སྔ་དྲོའི་དུས་ཚོད9ནས་ཕྱི་དྲོའི་དུས་ཚོད15བར།

གསུམ། མཉམ་འཇོག་བྱ་ཡུལ།

1.གྲོང་ཁྱེར་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་འགྲིམ་འགྲུལ་ལ་བཀག་སྡོམ་བྱ་རྒྱུ་ཡིན་པས། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་སོགས་གྲོང་ཁུལ་གཙོ་བོ་ནས་འཁོར་རྒྱུག་བྱས་མི་ཆོག་ལ། ཁུལ་ཁོངས་བརྒལ་ནས་འགྲོ་སྐྱོད་བྱས་མི་ཆོག དོན་དག་ཞིབ་མོ་ཟི་ལིང་གྲོ་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་ཟི་ལིང་གི་གྲོང་ཁུལ་གཙོ་བོའོ་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་རླངས་འཁོར་དང་ལམ་འགྲོ་བར་ཚོད་འཛིན་བྱེད་པའི་སྐོར་གྱི་བརྡ་ཁྱབ་ལྟར་ལག་བསྟར་བྱ་དགོས།

2. ཁོངས་གཏོགས་ས་ཁུལ་གྱི་རིམ་པ་སོ་སོའི་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་བཅས་ཀྱིས་བྱ་བ་སྒྲུབ་མཚམས་དང་སློབ་གྲྭ་ཚོགས་མཚམས་འཇོག་དགོས།

3. གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་རིམས་ནད་འགོག་སྡོམ་གྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་ཐག་ཉེ་སའི་སྡེ་ཁུལ་དང་ཉིང་སྐྱུར་བརྟག་དཔྱད་བྱེད་ཡུལ་ནས་ཚང་མས་བརྟག་དཔྱད་བྱེད་པར་རྩ་འཛུགས་སྐུལ་སློང་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་བྱ་བ་ཡོངས་འགྲུབ་བྱེད་པར་གཞོགས་འདེགས་བྱ་དགོས། ཁོངས་གཏོགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་བཟོ་བ་དང་སློབ་མས་རང་སློབ་གྲྭ་ནས་གཅིག་གྱུར་གྱིས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། དམའ་འབྲིང་དང་མཐོ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་བཅས་ཀྱི་དགེ་བཟོ་བ་དང་སློབ་མས་གྲོང་རྡལ་དང་སྲང་ལམ། སྡེ་བ་དང་སྡེ་ཁུལ་བཅས་ཀྱི་བཀོད་སྒྲིག་ལྟར་གོ་རིམ་ལྡན་པར་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།

4. རྒྱ་ཆེའི་སྡོད་དམངས་ཀྱིས་སྡེ་ཁུལ་གྱི་ལས་དོན་པའི་བཀོད་སྒྲིག་ལ་ཉན་ནས། རང་སྡོད་སའི་གྲོང་རྡལ་དང་སྲང་ལམ། སྡེ་བ་དང་སྡེ་ཁུལ་བཅས་ཀྱི་བརྡ་སྦྱོར་ལྟར་དུས་ཚོད་དང་གོ་རིམ་བགོས་ཏེ་ཚང་མས་ཉིང་སྐྱུར་བརྟག་དཔྱད་བྱས་ནས། ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་བྱ་དགོས།

5. དུས་ཚོད48རིང་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་བརྒྱབ་པའི་མི་སྣ་ཐེངས་འདིའི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཞུགས་མི་དགོས་མོད། ཡིན་ནའང་ལས་ཁུངས་དང་སྡེ་ཁུལ་གྱི་ལས་དོན་པར་གནས་ཚུལ་གསལ་བཤད་བྱ་དགོས་པར་མ་ཟད་འབྲེལ་ཡོད་དཔང་ཡིག་སྟོན་དགོས་ལ། ལས་ཁུངས་དང་སྡེ་ཁུལ་གྱིས་ཐོ་འགོད་བཟང་པོ་བྱ་དགོས། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་གནས་སྐབས་སུ་པྲོག་གསར་འགོག་ཁབ་རྒྱག་མཚམས་འཇོག་རྒྱུ་ཡིན།

6. ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། ཁ་པར་དང་ཡང་ན་ཐོབ་ཐང་འཛིན་ཡིག་འཛིན་དགོས་པ་དང་། སྔ་མོ་ནས་ཨང་རིས་བཤེར་དགོས་ལ། བརྟག་དཔྱད་ཀྱི་བརྒྱུད་རིམ་ཁྲོད་རང་འགུལ་གྱིས་བརྟག་དཔྱད་བྱེད་སའི་ལས་དོན་པའི་བཀོད་སྒྲིག་ལ་ཉན་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་པར་མ་ཟད། མི་གཞན་དང་སྨི2ཡན་གྱི་བར་ཐག་འཛིན་དགོས་ལ། ཁ་བརྡ་དང་འདུ་རུབ་བྱ་མི་རུང་།

7.བརྟག་དཔྱད་མ་བྱས་གོང་གི་དུས་ཚོད2རིང་ལ་ཟ་མ་མ་ཟས་ན་བཟང་ཞིང་། སྐར་མ30རིང་དུ་བ་མི་འཐེན་པ་དང་། ཆང་མི་འཐུང་བ། ཐང་ཆུ་མི་ལྡོད་པ་སོགས་བྱས་ཏེ། བརྟག་དཔྱད་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་མི་ཐེབས་པར་བྱ་དགོས།

8. བྱིས་པ་དང་ལོ་ལོན་སོགས་དམིགས་བསལ་ཅན་གྱི་མི་ཚོགས་ཀྱིས་ལྟ་སྐུལ་པ་དང་ཡང་ན་ཁྱིམ་མིའི་འགྲོ་རོགས་འོག་ཏུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། རྐང་ལག་མི་བདེ་བ་སོགས་ཀྱི་དབང་གིས་བརྟག་དཔྱད་བྱེད་སར་འགྲོ་མི་ཐུབ་པའི་ལོ་ལོན་དང་དབང་བོ་སྐྱོན་ཅན་གྱིས་སྡེ་ཁུལ་ལ་འབྲེལ་འདྲིས་ཐོ་འགོད་བྱ་དགོས་པ་དང་། གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱས་རྗེས་སྨན་བཅོས་མི་སྣ་ཁྱིམ་དུ་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱ་ངེས།

9.བརྟག་དཔྱད་ཀྱི་མཇུག་འབྲས་ལ་སྒུག་པའི་སྐབས་སུ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སྡོད་དམངས་རང་ཁྱིམ་དུ་བསྡད་ནས། ཁུལ་ཁོངས་མི་བརྒལ་བ་དང་ཕྱི་རུ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ་སོགས་བྱ་དགོས།

10.ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ཚེ་ཁྱོད་དང་གཞན་པའི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་སྣ་ཚོགས་བཟོ་སྲིད་པས། གནས་ལུགས་མེད་པར་གཞོགས་འདེགས་མི་བྱེད་པ་དང་རིམས་ནད་འགོག་སྡོམ་བྱ་བར་གནོད་པ་བཟོ་བའམ་ཡང་ན་གཞན་པའི་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ཁྲིམས་ལྟར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་འགན་འཁྲི་ཁུར་དགོས།

11.རྒྱ་ཆེའི་མང་ཚོགས་ཀྱིས་རང་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་བཀོད་སྒྲིག་ལ་ཉན་པར་དམིགས་ནས་རང་འགུལ་གྱིས་ལས་དོན་པས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱ་དགོས། གཞོགས་འདེགས་མི་བྱེད་པ་དང་ཉིང་སྐྱུར་བརྟག་དཔྱད་བྱ་བར་རྒྱབ་སྐྱོར་མ་བྱས་པར། སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དང་། དཀྲོག་གཏམ་བཟོ་བ། གནས་ཚུལ་གསང་བ། གནས་ཚུལ་རྫུན་བཟོ་བྱེད་པ་སོགས་ཀྱི་མི་སྣར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

ཟུར་མཆན། ཐེངས་འདིའི་བརྟག་དཔྱད་ལས་བརྟག་དཔྱད་ཀྱི་མཇུག་འབྲས་འདོན་པ་ལས་བརྟག་དཔྱད་ཀྱི་སྙན་ཞུ་མི་སྟེར།

རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རིམས་ནད་འགོག་སྡོམ་བྱ་བར་རྒྱུས་ལོན་དང་གཞོགས་འདེགས། རྒྱབ་སྐྱོར་བཅས་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུའོ།།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས14ཉིན།