ཐུན་ཏེ་རྫོང་གིས་ཞིང་ཆེན་ཕྱི་ནས་ཞིང་ཕྱུགས་ཐོན་རྫས་ཉམས་ཞིབ་ཕྱིར་འཚོང་ཁང་ཐོག་མ་དངོས་སུ་སྒོ་ཕྱེས།
2022.04.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 48

ཉེ་ཆར། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་གིས་ཞིང་ཆེན་ཕྱི་ནས་གཉེར་བའི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉམས་ཞིབ་ཕྱིར་འཚོང་ཁང་ཐོག་མ་དེ་ཅྰང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཧྲེ་དབྱང་རྫོང་དུ་དངོས་སུ་སྒོ་ཕྱེས།  ཐེངས་འདིའི་ཕྱིར་འཚོང་ཁང་སྒོ་ཕྱེས་བྱས་པ་འདིས་ཐུན་ཏེ་རྫོང་གི་མཐོ་སྒང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མངོན་པར་མཚོན་ལ། འདི་ནི་ཐུན་ཏེ་རྫོང་གི་གློག་རྡུལ་ཚོང་དོན་གྱིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ།   ཅྰང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་འཛད་སྤྱོད་མཉམ་ལས་ཀྱི་གསར་སྐྲུན་ཞིག་དང་ས་གནས་གཉིས་ཀྱི་ཞིང་ཞོར་ཐོན་རྫས་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁྱད་པར་བ་ཞིག་ཡིན་པ་མ་ཟད། ཐུན་ཏེ་རྫོང་གིས་ཞིང་ཆེན་ཕྱི་ནས་གཉེར་བའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ཚོང་ཁང་ཐོག་མར་གྱུར་ཡོད་པ་རེད།

ད་ལོར། ཐུན་ཏེ་རྫོང་གིས་ཧུར་བརྩོན་གྱིས་མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་དང་།  ཐུན་ཏེ་རྒྱབ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྫོང་བསྐྲུན་པ་གོ་སྐབས་སུ་བཟུང་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་།  སྔར་ལས་ལྷག་པའི་སྒོ་ནས་དངོས་པོའི་འཛད་སྤྱོད་དབུལ་སྐྱོར་མཉམ་སྒྲུབ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།  ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་ཁྲོམ་ར་དང་ཉོ་ཚོང་དྲ་རྒྱའི་འཐུས་ཚང་བའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་།  ཐུན་ཏེ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་དང་ཡན་ཁྲེང་གྲོང་ཁྱེར་ཧྲེ་དབྱང་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ། ཐུན་ཏེ་རྫོང་གློག་རྡུལ་ཚོང་དོན་ལྟེ་གནས་སོགས་འབྲེལ་ཡོད་སྡེ་ཁག་གི་ཐུན་མོང་འབད་བརྩོན་འོག  ཐུན་ཏེ་རྫོང་གིས་ཞིང་ཆེན་ཕྱི་ནས་གཉེར་བའི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉམས་ཞིབ་ཕྱིར་འཚོང་ལྟེ་གནས་ཐོག་མ་དངོས་སུ་འཛུགས་གྲུབ་གནང་སྟེ།   གཙོ་བོ་དྲ་ལམ་ཕྱིར་འཚོང་དང་ཉམས་ཞིབ་ཕྱིར་འཚོང་ལྟེ་གནས་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཐུན་ཏེ་རྫོང་གི་ཞིང་ཕྱུགས་ཐོན་རྫས་མ་ཟད་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་འགྲེམ་འཚོང་བྱེད་བཞིན་ཡོད། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་ལ་སྐུལ་འདེད་དང་ཐུན་ཏེ་རྫོང་གི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་ཕྱིར་འཚོང་གི་རྣམ་པ་སྤྱད་དེ་ས་ཆ་གཞན་ལ་ཕྱིར་འཚོང་སྟེགས་བུ་དང་སྒེའུ་ཁུང་མཁོ་འདོན་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ལམ་ཁ་གསར་བ་ཞིག་བསྐྲུན་ཡོད།

ཐུན་ཏེ་རྫོང་གིས་ཞིང་ཆེན་ཕྱི་ནས་མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཉམས་ཞིབ་ཕྱིར་འཚོང་གི་ཚོང་ཁང་ཐོག་མ་གཉེར་བ་འདི་ནི།  མ་འོངས་བར་ཐུན་ཏེ་རྫོང་དྲིལ་སྒྲོག་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་དུ་གཏོང་བའི་འགྲེམ་སྟོན་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།   ཐུན་ཏེ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་མུ་མཐུད་དུ་སྒོ་འབྱེད་དང་མཉམ་ལས། ཕྱིར་འཚོང་བརྒྱུད་ལམ་རྒྱ་སྐྱེད་དང་ཞིང་ལས་ཁྱད་ལྡན་ཐོན་རྗས་ཀྱི་འབྲེལ་མཐུད་དང་འོས་སྦྱོར་བྱ་བ་ལེགས་པོར་བསྒྲུབ་སྟེ།  མཚོ་སྔོན་གྱི་ཐོན་རྗས་མཚོ་སྔོན་ལས་བརྒལ་བར་བྱས་ཏེ།  ཞིང་སྡེའི་འབྲོག་ཁུལ་གྱི་དཔལ་འབྱོར་ཡོང་འབབ་ཐད་རོགས་འདེགས་ཀྱི་ནུས་པ་ཐོན་ཡོད་ལ།  དུས་མཚུངས་སུ་ཐུན་ཏེའི་གློག་རྡུལ་ཞབས་ཞུའི་ལྟེ་གནས་ཀྱི་སྟེགས་བུ་སྤྱད་དེ།  ཐུན་ཏེ་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་བརྒྱུད་ལམ་རྒྱ་སྐྱེད་བཏང་ཞིང་།  ཐུན་ཏེ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་དང་། སྣེ་ཁྲིད་ཁེ་ལས་དང་ཡན་ཁྲེང་གྲོང་ཁྱེར་ཚོང་དོན་ཁེ་ལས་ཀྱི་མཐུན་སྦྱོར་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་མ་ཟད།  ཐུན་ཏེ་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་མཛོད་དང་སྔོན་གྲབས་མཛོད་འཛུགས་སྐྲུན་གྱི་འགྲོས་ཚད་ཇེ་མགྱོགས་སུ་བཏང་སྟེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བྱ་བར་སྣེ་ཁྲིད་དེ།  ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་དང་ཟོང་རྟགས་ཁྱབ་གདལ།  དྲ་ལམ་ཕྱིར་འཚོང་སོགས་ཀྱི་ཕྱོགས་ནས་ཐོད་བརྒལ་གསར་བ་བྱུང་ཡོད་ལ།  དེས་ཐུན་ཏེ་རྫོང་གི་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།