རང་ཞིང་གིས་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།
2022.04.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས་བདུན་པ་ཡིན་པ་དང་། བསྟུད་མར་ཉིན་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་གྲུབ་འབྲས་ཤེས་པར་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་པ་ཞེས་པའི་བརྗོད་དོན་ལ་དམིགས་ཏེ། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་རེ་བ་ལྟར་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན།

བྱ་འགུལ་ཁྲོད། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་ལས་ཁུངས་སོ་སོས་རིམས་ནད་འགོག་སྡོམ་དང་ལས་སྒོ་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་གཙོ་ཐིག་ཏུ་བྱས་པ་དང་དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་གྲུབ་འབྲས་དྲིལ་སྒྲོག་བྱེད་པ་གཙོ་གནད་དུ་བྱས་ཤིང་། སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ནང་དོན་འབུར་དུ་ཐོན་པར་བྱས་ལ། ཏང་ཨུ་དང་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཆེད་དོན་གྲོས་ཚོགས་བསྡུ་བ་དང་ཆེད་དོན་ཏང་གི་སློབ་ཁྲིད་རྩ་འཛུགས་བྱེད་པ། དྲ་ཐོག་ལན་འདེབས་བྱ་འགུལ་སྤེལ་བ། རྒྱལ་མཚམས་སྐྱེ་དངོས་བདེ་འཇགས་ཐད་ཀྱི་རྩོམ་བསྡུ་རིས་བསྡུ། རྒྱལ་ཁབ་བདེ་འཇགས་སློབ་གསོ་དྲིལ་སྒྲོག་འགྲེམ་པང་ལས་པ། རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སྦྱར་ཡིག་འགེལ་བ་སོགས་རྣམ་པ་བརྒྱུད་དེ། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་གྲུབ་འབྲས་དྲིལ་སྒྲོག་ཤུགས་ཆེར་བྱས་པ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་མཐོར་བཏང་ལ། བདེ་འཇགས་ཉེན་ཁ་བཀག་འགོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་།

དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཐོན་ལ་ཉེ་བའི་སྔོན་དུ། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་སོགས་ལས་ཁུངས་མང་པོ་དང་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ང་ཚོས་མཉམ་དུ་སྲུང་སྐྱོབ་བྱེད་པའི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་བའི་མཛད་སྒོ་བསྡུས་ཏེ། རང་ཞིང་གི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་གྱི་འགོ་བརྩམས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་དྲ་ཐོག་བཅའ་ཁྲིམས་དྲིལ་སྒྲོག་སྟེགས་བུས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་གསང་མྱུལ་ངོ་རྒོལ་བཅའ་ཁྲིམས་སོགས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དྲ་ཐོག་ལན་འདེབས་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཁྲི་ཕྲག་ལན་འདེབས་པའི་བྱ་འགུལ་ལ་ཞུགས་ལ། ལས་རིགས་སོ་སོའི་མང་ཚོགས་ཁྲི་ལྔ་བཞི་པའི་བཅོ་ལྔ་ཉིན་གྱི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱ་དགའ་ཡོད་པའི་ལན་འདེབས་བྱ་འགུལ་ལ་ཞུགས་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་འདུ་ཤེས་དང་བཅའ་ཁྲིམས་བསམ་བློ་ཕན་ཡོད་པའི་སྒོ་ནས་ཇེ་མཐོར་བཏང་། ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་བརྗོད་དོན་སྤྱི་གླིང་དང་བརྗོད་དོན་ཐང་ཆེན་འཛུགས་སྐྲུན་བྱས་ཏེ། དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ། མཚོ་ཤར་དང་མཚོ་ནུབ། མཚོ་ལྷོ། མཚོ་བྱང་། ཡུས་ཧྲུའུ་དང་མགོ་ལོག་སོགས་ས་ཆས་རང་ས་གནས་ཀྱི་རིམས་ནད་འགོག་སྡོམ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་བདེ་འཇགས་སློབ་གསོ་དམག་སྒར་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། གོ་རིམ་ལྡན་པའི་སྒོ་ནས་གཅིག་བསྡུས་སློབ་ཁྲིད་བྱེད་པ་དང་པར་རིས་འགྲེམ་སྟོན། བརྙན་རིས་དྲིལ་སྒྲོག་སོགས་བྱ་འགུལ་སྤེལ་ནས། བཅའ་སྡོད་དམག་དཔུང་གི་བདེ་འཇགས་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་།

དྲིལ་སྒྲོག་ནུས་ཤུགས་སྔར་ལས་རྒྱ་སྐྱེད་ཆེད། ད་ལོའི་དྲིལ་སྒྲོག་བྱ་འགུལ་ཁྲོད། རང་ཞིང་གིས་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བའི་ནུས་པ་འདོན་སྤེལ་བྱས་ནས། སྐད་འཕྲིན་དང་གཞུང་ཕྱོགས་ཀྱི་སྤྱི་སྟེགས། མགྱོགས་འཕྲིན་སྟེགས་བུ་སོགས་དྲ་རྒྱའི་སྨྱན་བྱད་སྟེང་། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་རྒྱ་ཁྱབ་བརྡ་སྦྱོར་དང་སློབ་གསོའི་བརྙན་ཐུང་བཏང་བ་དང་། རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་། རིགས་མི་འདྲ་བའི་སྤྱི་ཐུན་ཡུལ་གནས་སོ་སོ་དང་གཞིས་ཁུལ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་དང་དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་གྲུབ་འབྲས་མཚོན་པའི་དྲིལ་སྒྲོག་བརྡ་སྦྱོར་སྦྱར་བ་དང་། དེ་དང་མཉམ་དུ། སྤྱི་ཕན་འཕྲིན་ཐུང་གི་རྣམ་པར་བརྟེན་ནས་སྤྱི་ཚོགས་ཡོངས་ལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སྤྱི་དམངས་དང་རྩ་འཛུགས་ཀྱི་ཞུ་གཏུག་དང་ལེན་བྱེད་པའི་ཁ་པར་གཅིག་གཉིས་གསུམ་གསུམ་དགུ་ཡོངས་བསྒྲགས་བྱས། ཁྱོན་ཡོངས་དང་ཟུར་ངོས་མང་པོའི་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱ་འགུལ་བརྒྱུད་དེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུད་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བའི་ཐད་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱས།།

རིན་ཆེན་མཚོས་བསྒྱུར།