ཟི་ལིང་གི་དམངས་ཚིས་ཚོང་རྫས་མཛོད་ཉར་འཛོམས་པོ་ཡིན་ཞིང་མཁོ་འདོན་ཐད་ནས་གོ་རིམ་ལྡན་པ་དང་རིན་གོང་བརྟན་བརླིང་ཡིན།
2022.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་འཇགས་རྣམ་དོ་དམ་ལག་བསྟར་བྱས་པའི་ཚུན་དུ། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་གཞི་རྩའི་དམངས་ཚིས་དང་འབྲེལ་བའི་ཚལ་སླེ་དང་འབྲུ་ཁུག་སོགས་ཚོང་རྫས་གལ་ཆེན་གཙིགས་སུ་བཟུང་ནས། ཐབས་མང་མཉམ་སྤྱོད་ཀྱིས་དམངས་ཚིས་ཚོང་རྫས་གལ་ཆེན་གྱི་རིན་གོང་ལེགས་སྒྲིག་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ལུགས་མཐུན་སྒོས་ཚོང་རའི་སྔོན་དཔག་ལ་སྣེ་ཁྲིད་བྱས་པས། དམངས་ཚིས་ཚོང་རྫས་གལ་ཆེན་གྱི་མཛོད་ཉར་འཛོམས་པོ་ཡིན་ཞིང་མཁོ་འདོན་གོ་རིམ་ལྡན་ལ། རིན་གོང་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་དམངས་ཚིས་ཚོང་རྫས་གལ་ཆེན་གྱི་མཁོ་འདོན་འཛོམས་པོ་ཡིན་པ་དང་། འཁོར་རྒྱུག་ཧ་ལམ་བརྟན་བརླིང་ཡིན་ལ། འབྲུ་སྣུམ་གྱི་རིན་གོང་གཏན་འཇགས་ཡིན་པ་དང་། ཕག་ཤ་དང་སྐམ་ཤ། སྒོ་ངའི་རིན་གོང་ཅུང་ཙམ་ཇེ་མཐོར་སོང་ཞིང་། ལུག་ཤའི་རིན་གོང་གཏན་འཇགས་ཡིན་པ་དང་། སྔོ་ཚལ་གྱི་རིན་གོང་དང་རིམས་འགོག་ཡོ་ཆས་ཀྱི་རིན་གོང་བརྟན་བརླིང་ཡིན། གྲོང་ཁྱེར་ཡོངས་ཀྱི་ཚོང་ར་དང་སྣ་འཛོམས་ཚོང་ཁང་སོ་བདུན་དང་གཞིས་ཁུལ་གྱི་སྟབས་བདེ་ཚོང་ཁང་སོ་གཉིས་ཀྱིས་རིགས་མི་འདྲ་བའི་གཞི་རྩའི་འཚོ་བའི་དངོས་ཟོག་ལ་འགན་སྲུང་དང་། མཁོ་འདོན་འདང་བར་ཁག་ཐེག་བྱས་ནས། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐངས། གཙོ་བོར་རིམས་ནད་འགོག་སྡོམ་མཁོ་ཆས་དང་ཞིང་ཞོར་ཐོན་རྫས་སོགས་ཚོང་རྫས་གལ་ཆེན་ལ་དམིགས་ནས། ཟི་ལིང་གྲོང་ཁྱེར་གྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་བཙུགས་ཏེ། ཁོངས་གཏོགས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཚོང་ར་དང་སྣ་འཛོམས་ཚོང་ར། སྨན་འཚོང་ཁང་སོགས་ཚོང་གཉེར་ཡུལ་གནས་སུ་སོང་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། བསྟུད་མར་ཉིན་འགའི་རིང་ལ་བསྡོམས་པས་ཁྲིམས་འཛིན་མི་སྣ་ལྔ་བརྒྱ་དང་ཞེ་བདུན་མངག་ནས། ཞིང་ལས་ཐོན་རྫས་ཚོང་ར་དང་སྣ་འཛོམས་ཚོང་ཁང་། སྨན་འཚོང་ས། ཚོང་ར་སོགས་རིགས་མི་འདྲ་བའི་ཚོང་གཉེར་གཙོ་གཞི་ལ་ཞིབ་བཤེར་བྱས་པ་དང་་། ཁྲིམས་ལྟར་རིན་གོང་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཚོང་རའི་རིན་གོང་དང་སྒྲིག་ལམ་གཏན་འཇགས་ལ་སྲུང་སྐྱོབ་བྱས།

རིན་ཆེན་མཚོས་བསྒྱུར།