ཟི་ལིང་གྲོང་ཁྱེར་རིམས་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང51པ།)
2022.04.18 ཁུངས། ཀློག་གྲངས། 41

ཞིང་ཆེན་དང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་བྱ་བ་སྔར་ལས་ལེགས་པར་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོར(མཁར་ཤར་འདུ)2022ལོའི་ཟླ4པའི་ཚེས18ཉིན་གྱི་ཆུ་ཚོད0ནས་ཟླ4པའི་ཚེས22ཉིན་གྱི་ཆུ་ཚོད24བར།  འཇགས་རྣམ་དོ་དམ་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱ་རྒྱུར་ཐག་བཅད། འཇགས་རྣམ་དོ་དམ་བྱེད་ཐབས་ཇེ་རིང་དང་ཇེ་ལེགས་སུ་གཏོང་བའི་དུས་ཚོད་དང་ནང་དོན་ཐད་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག  སྡོད་དམངས་ཡོངས་ཀྱིས་འཇགས་རྣམ་དོ་དམ་གྱི་གཏན་འབེབས་བརྩི་སྲུང་ནན་མོ་བྱ་དགོས་ཤིང་། བཀག་སྡོམ་ཁུལ་ནས་ཕྱིར་མི་འགྲོ་བའི་གཏན་འབེབས་ལག་བསྟར་ནན་མོ་བྱ་དགོས་པ་ལས་གཞན།  ས་ཁོངས་གཞན་དག་གིས་ཚོད་འཛིན་ཁུལ་གྱི་ཚད་གཞི་ལྟར་ལག་བསྟར་བྱ་དགོས། ཉིང་སྐྱུར་བརྟག་དཔྱད་དང་སྨན་པ་བསྟེན་པ་སོགས་དམིགས་བསལ་དོན་དག་ལས་གཞན། དགོས་ངེས་མེད་ན་གཏན་ནས་ཕྱིར་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པ། སྤྱི་པའི་འདུ་གནས་དང་ས་ཁོངས་སུ་མི་འགྲོ་བ་བཅས་བྱེད་དགོས། སྡེ་ཁུལ(སྡེ་བ)སོ་སོའི་སྡོད་དམངས་ཕྱི་ལ་ཉོ་སྒྲུབ་བྱེད་པའི་དུས་ཚོད་ལུགས་མཐུན་སྒོས་བཀོད་སྒྲིག་བྱ་དགོས་ཤིང་། དུས་བསྣོལ་ནས་འཚོ་བའི་དངོས་ཟོག་ཉོ་བར་ཁྲིད་སྟོན་བྱས་ཏེ།  ཉིན་གཉིས་རེར་མི་གཅིག་རེ་ཕྱི་རུ་དངོས་ཟོག་ཉོ་རུ་འགྲོ་བ་དང་། གཞིས་ཁུལ་སྡོད་དམངས་ཀྱིས་ཐེངས་རེའི་ཉོ་སྒྲུབ་ཀྱི་དུས་ཡུན་དུས་ཚོད་གཉིས་ལས་བདའ་མི་རུང་།

      གཉིས། སྲིད་འཛིན་ལས་དོན་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་བྱ་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཁྱིམ་ནས་གཞུང་སྒྲུབ་དང་རྒྱང་བསྟེན་གཞུང་སྒྲུབ། ལས་ཁུངས་སུ་ཞག་འདུག་བྱེད་པ་གཙོར་བྱས་ཏེ། གཞུང་སྒྲུབ་ལས་གནས་ཀྱི་མི་སྣའི་གྲངས་ཀ་ཚོད་འཛིན་བྱས་ནས། ཕན་ཚུན་འབྲེལ་གཏུག་བྱེད་པ་ཉུང་དུ་གཏོང་བ་དང་། རླུང་རྒྱུ་བ་དང་དུག་སེལ་སོགས་ཀྱི་བྱ་བ་བསྒྲུབ་དགོས། མཁར་གྲོང་གཙོ་བོའི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་དག་ལ་དྲ་ཐོག་ནས་སློབ་ཁྲིད་བྱ་དགོས།

      གསུམ། ཆུ་གློག་རླངས་དྲོད་སོགས་གྲོང་ཁྱེར་འཁོར་སྐྱོད་ཀྱི་འགན་སྲུང་ལས་རིགས་དང་། མུ་མཐུད་དུ་ཐོན་སྐྱེད་བྱེད་དགོས་པའི་ཁེ་ལས་ལས་ཁུངས། ད་དུང་སྡོད་དམངས་ཀྱི་འཚོ་བར་འབྲེལ་བ་དམ་ཟབ་ཡོདཔའི་ཚོང་ཁྲོམ་དང་ཚོང་ཁང་། ཞིང་ལས་རྒྱུ་ཆའི་ཚོང་ར། སྨན་བཅོས་ལས་ཁུངས་དག་གིས་རྒྱུན་ལྡན་ལྟར་ལས་གཉེར་བྱ་དགོས་པ་མ་ཟད། ལས་གཉེར་དུས་ཚོད་བསྲིང་དགོས། ལས་གཉེར་བྱེད་སྐབས་ནན་ཏན་གྱིས་དུག་སེལ་དང་ཨང་གཉིས་བཤེར་བ། དྲོད་ཚད་འཇལ་བ། ཁ་ཐུམ་རྒྱག་པ། སྔོན་མངག དུས་བསྣོལ། ཚད་བཀག་གི་བྱེད་ཐབས་ལག་བསྟར་བྱ་དགོས་ལ། ཁོར་ཡུག་དོག་པའི་ཚོང་ཁང་ནང་དུ་མི་འགྲོ་བར་བྱ་དགོས།

      བཞི། སྡེ་ཁུལ(སྡེ་བ)གྱིས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་འགན་སྲུང་ཞབས་ཕྱིར་ཤུགས་སྣོན་དགོས་ལ། ལྷག་པར་དུ་ལོ་ལོན་ཁེར་འདུག་དང་སྦྲུམ་མ། དབང་པོ་སྐྱོན་ཅན། དལ་ཅན་ནད་པ་སོགས་དམིགས་བསལ་མི་ཚོགས་ལ། རྒྱུན་ལྡན་འཚོ་བ་དང་སྨན་བཅོས་སྨན་བསྟེན་སོགས་ཀྱི་འགན་སྲུང་ཞབས་ཕྱིར་འབད་འབུངས་བྱེད་དགོས།

      ལྔ། སྨན་བཅོས་དང་དམངས་ཚིས། ནུས་ཁུངས། ཞིང་ཐོན་དངོས་རྫས་སོགས་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་བུ་ཕྱོགས་ཡོངས་ནས་ཡངས་པོར་ཕྱེ་དགོས་ལ། གྲོང་ཁྱེར་གཙོ་ཁུལ་དུ་འགྲོ་བའི་རླངས་འཁོར་དག་ལ་ངེས་པར་དུ་ནན་བཤེར་དང་། ཚད་ལེན། ཐོ་འགོད། ཁས་ལེན་བཅས་བྱེད་དུ་འཇུག་དགོས། “གནས་གཉིས་ལམ་གཅིག”གི་རྩ་དོན་ལྟར“གནས་ནས་གནས”སུ་ཐད་ཀར་སྐྱེལ་དགོས་པ་དང་། ལམ་བར་ནས་མི་གཞན་དང་ཐུག་འཕྲད་བྱས་མི་ཆོག

      དྲུག འཇགས་རྣམ་དོ་དམ་བྱེད་དུས། མཁར་ཤར་ཁུལ་གྱིས་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས་ལ། མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་དུ་ཟླ4པའི་ཚེས19ཉིན་དང་། ཚེས21ཉིན་གཉིས་ལ་ཉིང་སྐྱུར་ཐེངས་རེར་བརྟག་དགོས། ཉིན་རེའི་བརྟག་དཔྱད་དུས་ཚོད་ནི་ཆུ་ཚོད9:00--16:30བར་ཡིན། གྲོང་མི་ཡོངས་ཀྱིས་མི་སྒེར་གྱི་འགོག་སྲུང་ལེགས་པོར་བསྒྲུབ་དགོས། ཁྱིམ་ནས་བུད་དེ་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་འགྲོ་དུས་ཁ་ཐུམ་ལེགས་པོར་རྒྱག་དགོས་ལ། གྲལ་སྒྲིག་དུས་སྨི2ཡན་གྱི་བར་ཐག་འཇོག་དགོས། ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་དུས་ཐོག་ཏུ་ཕྱིར་ཁྱིམ་དུ་ལོག་དགོས་ཤིང་། འདུ་འཛོམས་དང་འཁོར་སྐྱོད་བྱ་མི་རུང་།

      བདུན། འཇགས་རྣམ་དོ་དམ་བྱེད་དུས་སྤྱི་སྤྱོད་རླངས་འཁོར་དང་། གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་བཅས་འཁོར་རྒྱུག་བྱེད་མི་ཆོག རིམས་ནད་འགོག་སྲུང་དང་། བྲེལ་མྱུར་སྨན་བཅོས། འཚོ་བའི་ཁག་ཐེག གྲོང་ཁྱེར་འཁོར་སྐྱོད། གཞུང་དོན་འགྲོ་སྐྱོད། འཕྲལ་བསྟུན་ཐག་གཅོད། གསར་འགྱུར་སྨྱན་བྱད་སོགས་ཀྱི་འབྲེལ་ཡོད་རླངས་འཁོར་དག་རྒྱུན་ལྡན་ལྟར་འགྲོ་སྐྱོད་བྱེད་དུ་འཇུག་དགོས། འཁོར་རིགས་གཞན་དག་གིས་རིམས་འགོག་བཀོད་འདོམས་པུའུ་ཡིས་གཅིག་གྱུར་གྱིས་སྤྲད་པའི་ཆོག་མཆན་དཔང་ཡིག་འཛིན་དགོས་ལ། ཆོག་མཆན་དཔང་ཡིག་མེད་པའི་འཁོར་རིགས་གཅིག་ཀྱང་བགྲོད་མི་ཆོག

      བརྒྱད། འཇགས་རྣམ་དོ་དམ་བྱེད་དུས་རྒྱ་ཆེའི་གྲོང་མི་རྣམས་ལ་སྨན་བཅོས་བྱེད་དགོས་ཚེ། སྡོད་སའི་སྡེ་ཁུལ(སྡེ་བ)ལ་ཡར་ཞུ་བྱེད་དགོས་ལ། སྡེ་ཁུལ་གྱིས་གོང་རིམ་ལས་ཁུངས་ལ་ཡར་སྤྲོད་བྱས་ནས་ཆོག་མཆན་ཐོབ་ཚེ་ད་གཟོད་ཕྱིར་བགྲོད་ཆོག གལ་ཏེ་བྲེལ་མྱུར་གནས་ཚུལ་ལ་འཕྲད་ཚེ110ལ་ཁ་པར་བཏང་ནས་ཉེན་རྟོག་རོགས་རམ་གྱི་རེ་ཞུ་བྱ་ཆོག

      དགུ། འཇགས་རྣམ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ་ཆུ་ཚོད24ཡི་རིང་སྲང་ལམ་དང་། གཞིས་ཁུལ། ཐོག་ཁང་། སྡེ་ཚན། ཚོང་ཁང་སྣ་ཚོགས་བཅས་ལ་སྐོར་ཞིབ་ཞིབ་བཤེར་བྱེད་དགོས་ལ། འཇགས་རྣམ་དོ་དམ་བྱེད་པའི་དུས་ཡུན་ནང་རང་དགར་འགྲོ་འོང་བྱེད་པ་དང་། རང་དགར་ཚོང་གཉེར་བྱེད་པ། རང་དགར་རླངས་འཁོར་བསྐོར་བ། རང་དགར་ཕྱིར་སྐྱོད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་པ་དང་། འཇགས་རྣམ་དོ་དམ་གྱི་བླང་བྱ་དང་འགལ་བའི་འབྲེལ་ཡོད་མི་སྣར་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་། ཁྲིམས་འགལ་ཅན་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།      རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་བསམ་ཤེས་གང་ཡོད་བྱས་ཏེ་གཞོགས་འདེགས་གང་ལེགས་བྱ་དགོས། ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བདེ་ཐང་བདེ་འཇགས་ཀྱི་འཚོ་སྡོད་ཁོར་ཡུག་བསྐྲུན་ཏེ། རིམས་འགོག་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་སྔ་མོ་ནས་ལེན་པར་སྟོབས་ཤུགས་གཅིག་ཏུ་འདོན་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།


2022ལོའི་ཟླ4པའི་ཚེས17ཉིན།