རྨ་སྟོད་ས་ཡོམ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་ཕྱོགས་ཡོངས་ནས་བསྐྱར་ལས་བྱེད་འགོ་བརྩམས།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

རྨ་སྟོད་ཀྱི་ལྔ་པའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་བསྐྱར་ལས་བྱེད་འགོ་རྩོམ་པའི་མཛད་སྒོ་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནས་བསྡུས། དེས་ས་ཡོམ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་སྐོར་གསར་པ་ཕྱོགས་ཡོངས་ནས་ལས་འགོ་བརྩམས་པ་མཚོན་ཡོད།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་། རང་ཞིང་གི་མགོ་ལོག་ཁུལ་རྨ་སྟོད་རྫོང་ལ་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་ནས། མགོ་ལོག་ཁུལ་རྨ་སྟོད་རྫོང་དང་དེའི་མཐའ་འཁོར་གྱི་རྨ་ཆེན་རྫོང་དང་། ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་སོགས་ས་ཆ་མང་པོའི་ཁང་པར་ཚད་མི་འདྲ་བའི་གཏོར་བརླགས་ཐེབས། ས་ཡོམ་བྱུང་རྗེས་ཀྱི་ཉིན་ང་གཉིས་པར་ས་ཡོམ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་སྐོར་དང་པོ་ལས་འགོ་བརྩམས། ས་ཡོམ་བྱུང་སའི་དཀྱིལ་སྙིང་དུ་གནས་པའི་མགོ་ལོག་ཁུལ་རྨ་སྟོད་རྫོང་གིས་མྱུར་བ་མྱུར་དུ་འབྲོག་ཁྱིམ་ཆིག་ཁྲི་སུམ་སྟོང་དགུ་བརྒྱ་དང་བཅུ་གཅིག་གི་རིམ་པ་ཁ་བ་དང་རིམ་པ་ག་བའི་སྡོད་ཁང་ཉམས་གསོ་བྱས་པ་དང་། དགེ་སློབ་སུམ་སྟོང་ཉིས་བརྒྱ་ལྷག་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་དྲོད་ཁོལ་ལྡན་པར་དགུན་བརྒལ་བ་དང་། སློབ་མ་རྒྱུན་ལྡན་ལྟར་སློབ་གྲྭར་འགྲོ་བ། སྒྲིག་ཆས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པ་བཅས་ཀྱི་བསྐྱར་འཛུགས་ཀྱི་ལས་འགན་ཆེན་པོ་གསུམ་ཡོངས་འགྲུབ་བྱས། ཉེ་བའི་ལོ་གཅིག་གི་རིང་ལ། ལས་གཞི་བརྒྱ་དང་བརྒྱད་ཀྱི་ཐད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་བྱེ་བ་བདུན་ས་ཡ་བཞི་དོན་འཁྱོལ་བྱ་རྩིས་ཡོད་པའི་ཁྲོད་མིག་སྔར་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་ལྔ་བཏང་ཚར་ཡོད། ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་གིས་ཀྱང་གནོད་ཐེབས་མང་ཚོགས་དགུ་བརྒྱ་དང་དོན་གསུམ་གནས་སྤོར་བཀོད་སྒྲིག་བྱས་ཏེ། འབྲོག་དམངས་རྣམས་ཀྱིས་བདེ་བླག་ངང་དགུན་བརྒལ་བར་ཁག་ཐེག་བྱས།

ས་ཡོམ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་སྐོར་གསར་པ་ལས་སྐབས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་རྩོམ་པ་དང་། ལོ་མཇུག་ལ་ཕལ་ཆེར་འགྲུབ་ཏུ་འཇུག་པ། གྲུབ་འབྲས་ཆེན་པོ་ལེན་པ་བཅས་ཀྱི་མཁྲེགས་གཏོར་བླང་བྱ་གཞིར་བཟུང་ནས། སྡོད་ཁང་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས། སྐྱེ་ཁམས་ཁོར་ཡུག་ཉམས་གསོ། ཁྱད་ལྡན་ཐོན་ལས་སླར་གསོ། གནོད་འགོག་གནོད་སེལ་མ་ལག འཆམ་མཐུན་ཁྱིམ་གཞིས་འཛུགས་སྐྲུན་བཅས་ལས་གཞི་སྣ་བརྒྱད་ཀྱི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་རེད། རྒྱུས་ལོན་པ་ལྟར་ན། མགོ་ལོག་ཁུལ་རྨ་སྟོད་རྫོང་ནི་ས་ཡོམ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱེད་ཡུལ་གཙོ་བོ་ཡིན་པའི་ཆ་ནས། ལོ་འདིའི་ནང་དུ་གྲོང་རྡལ་གྱི་ཁྱིམ་ཚང་ཉིས་བརྒྱ་དོན་གཅིག་གི་རིམ་པ་ང་བའི་སྡོད་ཁང་དང་། ཁྱིམ་ཚང་ཉིས་སྟོང་བདུན་བརྒྱ་གྱ་གཅིག་གི་རིམ་པ་ང་བའི་ཞིང་ཁྱིམ་སྡོད་ཁང་བསྐྱར་འཛུགས་ཀྱི་བྱ་བ། གྲོང་རྡལ་གྱི་ཁྱིམཚང་སུམ་སྟོང་ཞེ་བདུན་གྱི་རིམ་པ་ཁ་བ་དང་ག་བའི་སྡོད་ཁང་ཉམས་གསོ་བཅས་ཀྱི་ལས་འགན་ཡོངས་འགྲུབ་བྱ་རྒྱུ་རེད། དེ་དང་མཉམ་དུ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་ལྔ་གཏོང་རྒྱུ་ཡིན་པའི་ལས་གཞི་གལ་ཆེན་ཉེར་དགུ་ཡང་ཟླ་འདིའི་ཟླ་མཇུག་ལ་ཡོངས་སུ་ལས་འགོ་རྩོམ་རྒྱུ་རེད། དེས་མི་ཚད་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་གི་ས་ཡོམ་གནོད་འཚེའི་རྗེས་ཀྱི་ལས་གཞི་བསྐྱར་འཛུགས་མཛད་སྒོའི་སྟེང་རྒྱུས་ལོན་པ་ལྟར་ན། ཁྲི་འདུ་རྫོང་གིས་ལས་གཞི་གལ་ཆེན་ང་བཞི་བསྐྱར་འཛུགས་བྱེད་འགོ་བརྩམས་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་དྲུག་གཏོང་རྒྱུ་ཡིན་ལ། ལས་གཞི་དེ་དག་དམངས་ཚིས་ལེགས་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ། མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་མང་པོར་འབྲེལ་བ་ཡོད།