མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཡང་བསྐྱར་ཆེད་སྤྱོད་མ་དངུལ་བཏང་ནས་ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱས།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་གཉིས་ཀྱིས་བསྡོམས་པས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་བཏང་སྟེ། གཞིས་ཁུལ་གྱི་ལས་བྱེད་མི་སྣ་དང་དང་བླངས་པ། རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་བྱེད་མི་སྣ་དང་རིམས་ནད་ཀྱི་གནོད་པ་ཐེབས་པའི་དཀའ་ཁག་ཅན་གྱི་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས། དེའི་ཁྲོད་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སོ་སོར་ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་དང་མཁར་ཤར་ཁུལ་སྤྱིའི་བཟོ་ཚོགས། མཁར་དཀྱིལ་ཁུལ་སྤྱིའི་བཟོ་ཚོགས། མཁར་ནུབ་ཁུལ་སྤྱིའི་བཟོ་ཚོགས། མཁར་བྱང་ཁུལ་སྤྱིའི་བཟོ་ཚོགས་བཅས་ལ་རིམས་ནད་འགོག་སྡོམ་ཆེད་སྤྱོད་མ་དངུལ་སྒོར་འབུམ་གཉིས་རེ་བཏང་ལ། ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱིས་ཆ་སྡེབས་མ་དངུལ་སྒོར་འབུམ་དྲུག་དང་ཁྲི་ལྔ་བཏང་།

རྒྱལ་ཡོངས་སུ་རང་ས་ཆའི་འདུ་རུབ་རང་བཞིན་གྱི་རིམས་ནད་བྱུང་བའི་ས་གནས་ཅུང་མང་པ་དང་ངོས་རྒྱ་ཆེ་ལ། འབྱུང་ཚད་མང་བའི་རྣམ་པ་ཛ་དྲག་ཆེ་བ་དང་རང་ཞིང་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་མི་སྣ་ཇེ་མང་དུ་སོང་བའི་ཛ་དྲག་གི་གནས་ཚུལ་ལ་ཁ་ཕྱོགས་ནས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག རིམས་འགོག་གི་གནས་ཡུལ་གང་ན་ཡོད་ན། ཁྱིམ་གྱི་དྲོད་ཚད་དེ་ན་ཡོད་པ་རྒྱུན་འཁྱོངས་བྱས་པ་དང་། བསམ་བློའི་སྣེ་ཁྲིད་དང་ཞབས་ཞུ་འགན་སྲུང་བྱ་བ་ནན་མོར་བསྒྲུབས་ལ། རྒྱ་ཆེའི་བཟོ་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། མང་ཚོགས་ཀྱིས་རང་རྟོགས་སྒོས་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ནས། རིམས་ནད་འགོག་སྡོམ་གྱི་འཐབ་མོའི་རྒྱལ་ཁ་ལེན་པ་དང་། སྔ་མོ་ནས་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བའི་ཐད་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་བྱས།

གོ་རིམ་རྗེས་མར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རྒྱུན་མཐུད་ངང་རིམས་འགོག་ཡུལ་དངོས་ཀྱི་སྨན་བཅོས་དང་འགྲིམ་འགྲུལ། སྤྱི་བདེ་ཉེན་རྟོག་པ་སོགས་ལས་བྱེད་མི་སྣ་དང་རིམས་ནད་ཀྱི་གནོད་པ་ཐེབས་ཚད་ཅུང་ཆེ་བའི་དཀའ་ཁག་ཅན་གྱི་ལས་བཟོ་བ་དང་མང་ཚོགས་ལ་དོ་སྣང་བྱེད་པ་དང་། དྲ་ཐོག་དྲ་འོག་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ། སེམས་ཁུར་འཚམས་འདྲི་དང་ཁེ་དབང་སྲུང་སྐྱོབ་ཞབས་ཞུ། ལས་ཞུགས་རོགས་སྐྱོར་སོགས་བྱ་བ་སྤེལ་བ་དང་། དཀའ་ངལ་སེལ་བ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཁྱིམ་གྱི་དྲོད་ཁོལ་སྐྱེལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།