ཡུས་ཧྲུའུ་ཁུལ་གྱིས་ཟི་ལིང་ལ་རིན་ཐང་སྒོར་ས་ཡ་གཅིག་གི་དངོས་ཟོག་ཞལ་འདེབས་སུ་ཕུལ།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཟི་ལིང་གི་རིམས་ནད་གནས་བབ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། རིན་ཐང་སྒོར་ས་ཡ་གཅིག་གི་སྐམ་ཤ་དྲུད་པའི་སྐྱེལ་འདྲེན་རླངས་འཁོར་ཟི་ལིང་དུ་འབྱོར་ལ། དེ་ནི་ཡུས་ཧྲུའུ་ཁུལ་གྱིས་བསྐྱལ་ཡོང་བའི་ཟི་ལིང་ལ་རོགས་འདེགས་བྱེད་པའི་དངོས་ཟོག་རེད། ཡུས་ཧྲུའུ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཁུལ་དཔོན་གཞོན་པ་ཅ་ནེ་ཧོང་དང་ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞའོ་ཞང་ཏུང་གཉིས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས།

ཡུས་ཧྲུའུ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཁུལ་དཔོན་གཞོན་པ་ཅ་ནེ་ཧོང་གིས་བཤད་རྒྱུར། རེས་སྐོར་འདིའི་རིམས་ནད་བྱུང་རྗེས། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། མཁར་ཁུལ་གཙོ་བོར་འཇགས་རྣམ་དོ་དམ་བྱས་པ་དང་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ། ཁྱོན་ཡོངས་ནས་རིམས་ནད་འགོག་སྡོམ་བྱ་བ་སྤེལ་འགོ་བརྩམས་པ་དང་། དུས་ཚོད་ཆེས་ཐུང་ངུའི་ནང་རིམས་འགོག་གི་འགོག་ར་བརྟན་པོ་བཙུགས་ལ། ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རིམས་ནད་འགོག་སྡོམ་ཡུལ་དངོས་སུ་འབད་འཐབ་བྱེད་བཞིན་པའི་ཟི་ལིང་མི་དམངས་ལ་དད་གུས་ཞུས་པ་དང་། ཡུས་ཧྲུའུ་ཡིས་ཟི་ལིང་དང་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱས་ནས། མཉམ་དུ་ཐེངས་འདིའི་རིམས་ནད་འགོག་སྡོམ་ཚར་གཅོད་གཡུལ་འགྱེད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་རྒྱུ་ཡིན།

ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཞའོ་ཞང་ཏུང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་ཞལ་འདེབས་དང་ལེན་བྱས་པར་མ་ཟད་ཡུས་ཧྲུའུ་ཁུལ་གྱི་ཞལ་འདེབས་རོགས་སྐྱོར་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། རིམས་ནད་ཛ་དྲག་ཆེ་ན་ཡང་མི་ལ་བརྩེ་སེམས་ལྡན། ཟི་ལིང་གྲོང་ཁྱེར་གྱིས་སྡོད་དམངས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པའི་གནས་ཚུལ་འོག ཡུལ་ཧྲུའུ་ཁུལ་གྱིས་དུས་ཐོག་ཏུ་དཀའ་ངལ་ལ་མ་འཛེམ་པར་ཟི་ལིང་དུ་དགོས་མཁོ་ཆེ་བའི་རིམས་འགོག་དངོས་ཟོག་སྐྱེལ་ཡོང་བ་དེས། མི་ཡུལ་གྱི་བརྩེ་བ་ཟབ་མོ་འགྲེལ་བཤད་གསལ་བོ་བྱས་ལ། ཡུས་ཧྲུའུ་ཁུལ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་དཔུང་བ་མཉམ་གཤིས་ཀྱིས་འབད་འཐབ་བྱེད་པའི་སྤུན་ཟླའི་མཛའ་བརྩེ་མཚོན་པར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མི་དམངས་ཀྱིས་ཡུས་ཧྲུའུ་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མྱོང་བ་བྱེད་ཐུབ་པར་བྱས་ལ། ང་ཚོས་མྱུར་དུ་དངོས་ཟོག་དེ་དག་རིམས་འགོག་ཡུལ་དངོས་སུ་སྐྱེལ་ནས། སྔ་མོ་ནས་རིམས་ནད་འགོག་སྡོམ་ཚར་གཅོད་གཡུལ་འགྱེད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་རྒྱུ་ཡིན།

རིན་ཆེན་མཚོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།