མཚོ་ལྷོ་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་ལ་རིན་ཐང་སྒོར་འབུམ་བརྒྱད་དང་སྟོང་གཅིག་གི་རིམས་འགོག་དངོས་ཟོག་ཞལ་འདེབས་སུ་ཕུལ།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རང་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པའི་ཞོར་དུ། སྟོབས་ཤུགས་ཡོད་རྒུས་སྐམ་ལུག་ཤ་དང་སྔོ་ཚལ། འོ་བཟོས་ཐོན་རྫས་སོགས་ཟས་རིགས་སྣ་བརྒྱད་བསྡོམས་པས་རིན་ཐང་སྒོར་འབུམ་བརྒྱད་དང་སྟོང་གཅིག་གི་རིམས་འགོག་དངོས་ཟོག་གྲབས་གསོག་བྱས་ནས་ཟི་ལིང་ལ་རོགས་འདེགས་བྱས། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ག་ཞོན་པ་ཏུའུ་ཅིན་ཕིང་གིས་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་ལ་དངོས་ཟོག་ཞལ་འདེབས་སུ་ཕུལ། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞའོ་ཞང་ཏུང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་ཞལ་འདེབས་དང་ལེན་བྱས་པར་མ་ཟད། མཚོ་ལྷོ་ཁུལ་གྱི་སྒེར་མེད་རོགས་སྐྱོར་ལ་བཀའ་དྲིན་ཞུས་པ་དང་བླ་མེད་ཀྱི་གུས་འདུད་ཞུས།

ཏུའུ་ཅིན་ཕིང་གིས་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རིམས་ནད་འགོག་སྡོམ་ཁྲོད་ཞུགས་པའི་སྐབས་སུ། ངས་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མངག་བཅོལ་ལྟར། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩེ་བ་ཟབ་མོ་དང་འཚོ་བའི་ངེས་མཁོ་ཐོན་རྫས་གཙོ་བྱས་པའི་རིམས་འགོག་དངོས་ཟོག་སྐོར་ཞིག་སྐྱེལ་ཡོང་བ་དང་། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་བྱ་བའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། མཚོ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པའི་ཆོད་སེམས་མཚོན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་ཤུགས་ཡོད་རྒྱབ་སྐྱོར་ཡོད་ན། ཟི་ལིང་གྲོང་ཁྱེར་གྱིས་ཐེངས་འདིའི་རིམས་ནད་འགོག་སྡོམ་གྱི་མི་དམངས་གཡུལ་འགྱེད་དང་སྤྱི་ཁོག་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། མཚོ་ལྷོ་ཁུལ་གྱིས་སྟོབས་ཤུགས་ཡོད་རྒུས་ཟི་ལིང་གི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཟི་ལིང་གི་རིམས་ནད་འགོག་རྒོལ་ཐད་མཚོ་ལྷོའི་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཞའོ་ཞང་ཏུང་གིས་བསྟན་དོན། དམངས་ཡོངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་གནས་ཚུལ་འོག མཚོ་ལྷོ་ཁུལ་གྱིས་དུས་ཐོག་ཏུ་ངེས་མཁོ་རིམས་འགོག་དངོས་ཟོག་སྐྱེལ་ཡོང་བ་དེས། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་མངོན་པར་བྱས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་དཀའ་ངལ་ཁྱད་སེལ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ། ཐེངས་འདིའི་རིམས་ནད་འགོག་སྡོམ་གྱི་ཚར་གཅོད་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་ཏང་དང་སྲིད་གཞུང་གི་རིམས་ནད་འགོག་སྡོམ་གྱི་ཆོད་སེམས་དང་ཡིད་ཆེས་མྱོང་ཚོར་བྱེད་ཐུབ་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།