ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད། ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཡོངས་ཀྱིས་ནུས་ཤུགས་ཡོད་དགུས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་གནད་འགག་གི་དུས་སྐབས་སུ། ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་སོ་སོ་ནས་བསྟུད་མུར་ཟི་ལིང་ལ་རོགས་སྐྱོར་བྱས། མཚོ་བྱང་ཁུལ་དང་ཡུལ་ཧྲུའུ་ཁུལ། མཚོ་ལྷོ་ཁུལ་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་སུ་ཕུལ་རྗེས་ཀྱི། ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཐུན་རིན་གྲོང་ཁྱེར། གཅན་ཚ་རྫོང་། རྩེ་ཁོག་རྫོང་། སོག་རྫོང་བཅས་ནས་སྐམ་ལུག་ཤ་དང་། སྔོ་ཚལ། འོ་བཟོས་ཐོན་རྫས་སོགས་རིན་ཐང་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་ཀྱི་རིམས་འགོག་དངོས་ཟོག་གྲབས་གསོག་བྱས་ཏེ། ཟི་ལིང་གྲོང་ཁྱེར་ལ་རོགས་སྐྱོར་བྱས། རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཁུལ་དཔོན་གཞོན་པ་ཞོ་ཧྲུན་ཧྲིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཟི་ལིང་གྲོང་ཁྱེར་ལ་དངོས་ཟོག་ཞལ་འདེབས་སུ་ཕུལ། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞའོ་ཞང་ཏུང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒེར་མེད་རོགས་སྐྱོར་ལ་བཀའ་དྲིན་ཞུས་པ་དང་བླ་མེད་ཀྱི་གུས་འདུད་ཞུས།
ཞའོ་ཧྲུན་ཧྲིན་གྱིས་བཤད་རྒྱུར། རྨ་ལྷོ་དང་ཟི་ལིང་ནི་ཁྱིམ་ཚང་གཅིག་གི་སྤུན་མཆེད་ཡིན། མིག་སྔར་ནི་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བ་ཆེས་བྲེལ་ཚུབ་དང་ཆེས་གནད་འགག་གི་དུས་སྐབས་ཡིན་པས། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མངག་བཅོལ་ལྟར། རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར། གཙན་ཚ་རྫོང་། རྩེ་ཁོག་རྫོང་། སོག་རྫོང་བཅས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་འབུམ་གཉིས་ཁྲི་བརྒྱད་ཀྱི་སྨོན་འདུན་ཁྱེར་ནས། འཚོ་བའི་མཁོ་རྫས་གཙོ་བྱས་པའི་རིམས་འགོག་དངོས་ཟོག་བསྐྱལ་ཡོང་ནས། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་བྱ་བའི་ཐད་རྒྱབ་སྐྱོར་དང་། མཉམ་དུ་རིམས་ནད་ལ་རྒོལ་བའི་ཆོད་སེམས་མཚོན་པ་ཡིན།
ཞའོ་ཞང་ཏུང་གིས་བཤད་རྒྱུར། དམངས་ཡོངས་སྐུལ་སློང་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་གནས་ཚུལ་འོག། རྨ་ལྷོ་ཁུལ་གྱིས་དུས་ལྟར་རོགས་སྐྱོར་བྱས་ཏེ། ངེས་མཁོའི་རིམས་འགོག་དངོས་ཟོག་བསྐྱལ་ནས། བརྩེ་བ་ཆེན་པོའི་སྙིང་སྟོབས་དང་རླབས་ཆེན་རིམས་འགོག་སྙིང་སྟོབས་མངོན་པར་བྱས། གོ་རིམ་རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་རྨ་ལྷོ་ཁུལ་གྱི་ཞལ་འདེབས་དངོས་ཟོག་མགྱོགས་མྱུར་ངང་ཁག་བགོས་བྱས་ཏེ། རིམས་འགོག་འཐབ་ཡུལ་གཙོ་ཆེར་འགན་སྲུང་བྱས་ནས། དངོས་ཟོག་འདང་ངེས་ཡིན་པར་ཁག་ཐེག་བྱེད་རྒྱུ་ཡིན། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དཀའ་ཁག་མཉམ་སེལ་དང་། ནན་སྡོམ་ནན་འཛིན། དོན་དངོས་ཞིབ་ཚགས་བཅས་ཀྱི་སྒོ་ནས་རིམས་ནད་འགོག་སྡོམ་གི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བར་རྒྱལ་ཁ་མཐའ་འཁྱོལ་ལེན་རྒྱུ་ཡིན།
རིག་འཛིན་སྒྲོལ་མས་བསྒྱུར།