ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་བྲེལ་མྱུར་སྒོས་ཉོ་སྒྲུབ་བཀོད་སྒྲིག་བྱས་པའི་རང་ས་གནས་ཀྱི་ནོར་ལུག་གི་ཤ་དང་འོ་ཕྱེ་སོགས་སྤྱིའི་རིན་ཐང་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་དགུ་ཡི་རིམས་འགོག་དངོས་ཟོག་ཟི་ལིང་དུ་འབྱོར། མགོ་ལོག་ཁུལ་གྱི་ཁུལ་དཔོན་གཞོན་པ་ཨན་ཧྲིན་ཉན་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་གྲོང་ཁྱེར་ལ་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞའོ་ཞང་ཏུང་གི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་མགོ་ལོག་ཁུལ་གྱིས་སྒེར་མེད་རོགས་འདེགས་བྱས་པར་བཀའ་དྲིན་དང་དད་གུས་ཞུས།
ཨན་ཧྲིན་ཉན་གྱིས་བཤད་རྒྱུར། ཟི་ལིང་ནི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁམས་གསོ་སྤྱི་གླིང་ལྟ་བུ་ཡིན་པས། ཟི་ལིང་ལ་རོགས་འདེགས་དང་རོགས་སྐྱོར་བྱེད་རྒྱུ་ནི་མགོ་ལོག་ཁུལ་གྱིས་བསྒྲུབ་འོས་པའི་བྱ་བ་ཡིན་ལ། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མངག་བཅོལ་ལྟར། ངས་མགོ་ལོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་འབུམ་གཉིས་ཀྱི་སྨོན་འདུན་དང་འཚོ་བའི་ཉེར་མཁོ་ཐོན་རྫས་ཁྱེར་ནས་ཟི་ལིང་གྲོང་ཁྱེར་རིམས་འགོག་བྱ་བར་རོགས་འདེགས་བྱེད་པར་ཡོང་བ་ཡིན། རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནས་མགོ་ལོག་དང་ཟི་ལིང་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས། སེམས་ཤུགས་གཅིག་བསྒྲིལ་བྱེད་རྒྱུ་ཡིན། སྐོར་འདིའི་དངོས་ཟོག་གིས་ཟི་ལིང་གིས་རིམས་ནད་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པའི་ཐད་སྟོབས་ཤུགས་འབུལ་ཐུབ་པའི་རེ་བ་བཅངས་ཡོད་པ་དང་། ཟི་ལིང་གིས་རྒྱལ་ཁ་ལེན་ཐུབ་པ་ཁོ་ཐག་ཡིན།
ཞའོ་ཞང་ཏུང་གིས། མགོ་ལོག་ཁུལ་གྱིས་ཟི་ལིང་གི་རིམས་འགོག་བྱ་བའི་ཐད་རོགས་འདེགས་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། དངོས་ཟོག་དེ་དག་དུས་ཐོག་ཏུ་ཟི་ལིང་དུ་འབྱོར་བ་དེས་ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་སྡོམ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་བ་དང་། དཔལ་འབྱོར་ཐོན་སྐྱེད་སླར་གསོ་བྱེད་པའི་སྒུལ་ཤུགས་བསྣན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱབ་སྐྱོར་རོགས་འདེགས་འོག གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་བཀོད་འདོམས་འོག ཟི་ལིང་གིས་སྔ་མོ་ནས་རིམས་ནད་ཐད་ནས་རྒྱལ་ཁ་ལེན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།