ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།
(ཨང62པ)
“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་འཕར་འགོག་པའི”སྤྱིའི་འཐབ་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་པ་དང་རིམས་ནད་གཞི་ཁྱོན་ལྡན་པའི་ངང་བསྐྱར་མཆེད་མི་ཡོང་བའི་རྩ་ཐིག་ནན་སྲུང་བྱེད་པའི་བྱ་བའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྱི་དུས་བབ་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་ཤ་བཅད་ནས། ཆེད་མཁས་པའི་ཚོགས་ཆུང་གིས་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས2022ལོའི་ཟླ4པའི་ཚེས23ཉིན་གྱི་ཆུ་ཚོད0ནས་བཟུང་། མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་འཇགས་རྣམ་དོ་དམ་གློད་དེ། གོ་རིམ་ལྡན་པའི་ངང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། འདིའི་སྐོར་ནས་བརྡ་བཏང་བ་གཤམ་གསལ་ལྟར།
གཅིག མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་འཇགས་རྣམ་དོ་དམ་གློད་དེ།(བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ་ཕུད)གོ་རིམ་ལྡན་པའི་ངང་གཞིས་ཁུལ་གྱི་མི་སྣ་འཁོར་རྒྱུག་སླར་གསོ་བྱེད་པ་དང་། ཏང་སྲིད་ལས་ཁུངས་དང་དེ་བཞིན་གཞུང་གཏོགས་ཁེ་ལས། ལས་དོན་ལས་ཁུངས་བཅས་ཀྱིས་རིམས་འགོག་བྱེད་པོའི་འགན་འཁྲི་ནན་ཏན་སྒོས་སྒྲུབ་ནས་རྒྱུན་གཏན་གྱི་གཞུང་སྒྲུབ་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས།
གཉིས།བཟོ་ལས་དང་ཁེ་ལས། འཛུགས་སྐྲུན་རྣམ་གྲངས་རྒྱུན་གཏན་གྱི་ཐོན་སྐྱེད་འཛུགས་སྐྲུན་དང་གཉེར་སྐྱོང་དག་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། ཁེ་ལས་དང་འཛུགས་སྐྲུན་ལས་ཁུངས་སོ་སོས་ཐོན་སྐྱེད་སླར་གསོ་དང་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱས་ཏེ། ལས་མི་དང་རླངས་འཁོར་ལ་བཀག་སྡོམ་དོ་དམ་མམ་ཡང་ན་ས་གནས་ནས་ས་གནས་ཀྱི་བར་བཀག་སྡོམ་དོ་དམ་བྱེད་དགོས།
གསུམ།སྡེབ་ཚོང་རིགས་ཀྱི་ཁེ་ལས་དང་ཞིང་ལས་ཐོན་རྫས་ཁྲོམ་ར་དང་། ཚོང་ཁང་། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། སྟབས་བདེའི་ཚོང་ཁང་། སྐྲ་བཞར་ཁང་། གོས་འཁྲུད་ཁང་། སྣུམ་སྣོན་ས་ཚིགས་སོགས་དམངས་ཚིས་སྤྱི་པའི་ཞབས་ཞུ་བྱ་ཡུལ་གྱི་ལས་གཉེར་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས།
བཞི།བཟའ་བཏུང་ཁེ་ལས་ཀྱི་ལས་གཉེར་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས། རིགས་སོ་སོའི་བཟའ་བཏུང་ལས་ཁུངས་ཀྱིས་ཟ་ཁང་དུ་ཟ་མ་བཟའ་བ་དང་། ཟ་མ་ཉོས་འཕྲལ་ཕྱིར་འགྲོ་བའམ་དྲ་ལམ་ནས་ཟ་མ་མངགས་ཉོ་སྡེབ་སྐྱེལ་བྱ་རྒྱུར་སྐུལ་སློང་བྱེད་དགོས།
ལྔ།སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་སོགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས་པ་དང་། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་ཀུང་སི་སོ་སོས་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ལེགས་བཅོས་དང་། སྤྱི་སྤྱོད་རླངས་འཁོར་གྱི་སྐྱེལ་འདྲེན་ནུས་པ་ལེགས་སྒྲིག་བྱས་ཏེ། ལམ་ཐིག་ཁྲོད་ཀྱི་མཁར་ཤར་ཁུལ་དང་འབྲེལ་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དང་ཡུལ་སྐོར་རླངས་འཁོར་འཁོར་སྐྱོད་གནས་སྐབས་སླར་གསོ་མི་བྱེད་པ་དང་། འགྲུལ་སྐྱེལ་ལམ་ཐིག་གི་གཉེར་སྐྱོང་རིམ་བཞིན་སླར་གསོ་བྱེད་དགོས། ཁ་ལོ་བས་ནན་ཏན་སྒོས་ཉིན་གཉིས་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་རེ་བྱ་རྒྱུ་དོན་འཁྱོལ་བྱས་ཏེ། ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཚད་ལྡན་སྒོས་ཁ་ཐུམ་རྒྱག་པ་དང་། རླངས་འཁོར་ལ་ཉིན་རེར་དུག་སེལ་ཐེངས་གཉིས་རེ་བྱེད་དགོས། གྲོང་མི་ཚོ་གླ་གཏོང་རླངས་འཁོར་དུ་འདུག་དུས། ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཚད་ལྡན་སྒོས་ཁ་ཐུམ་རྒྱག་དགོས་པ་དང་། རླངས་འཁོར་ནང་འདུག་དུས་རྩ་གཉིས་ཨང་རིས་བཤེར་རྒྱུ་དོན་འཁྱོལ་བྱེད་དགོས།
དྲུག དྲ་ཁང་དང་ཆང་ཁང་། གླུ་གར་ཁང་། རོལ་རྩེད་ཁང་། མིག་མངས་ཁང་སོགས་མི་རྣམས་འདུ་འཛོམས་རོལ་རྩེད་བྱེད་གནས་དང་། རིག་གནས་དངོས་མང་བཤམས་སྟོན་ཁང་། དཔེ་མཛོད་ཁང་། གློག་བརྙན་ཁང་སོགས་རིག་གནས་བྱེད་སྒོ་སྤེལ་གནས་སྣ་ཚོགས་དང་། རིགས་སོ་སོའི་ཚོགས་འདུ་ཆེ་གྲས་དང་གླེང་སྟེགས། འཁྲབ་སྟོན། འགྲེམས་ཚོང་། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གནས་སྐབས་སྤེལ་མཚམས་འཇོག་དགོས།
བདུན། མྱུར་སྐྱེལ་ཟོག་འགྲེམས་ཀྱི་རིམས་ནད་འགོག་སྡོམ་ལ་ཤུགས་བསྣན་ནས་མྱུར་སྐྱེལ་དུག་སེལ་གྱི“བཙན་ཤེད་གསུམ། དགོས་ངེས་བཞིའི”རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། མྱུར་སྐྱེལ་དང་ཕྱིར་འཚོང་སྡེབ་སྐྱེལ་བྱེད་མཁན་ཚང་མར་ཆུ་ཚོད48རིང་ཉིང་སྐྱུར་བརྟག་དཔྱད་གྱི་སྲིབ་གཤིས་དཔང་ཡིག་ལྡན་ཚེ་གཞི་ནས་ལས་རྐང་དུ་ཞུགས་ཆོག་པ་དང་། ཉིན་ལྟར་ལུས་པོའི་དྲོད་ཚད་འཇལ་བ་དང་དུས་བཅད་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། མྱུར་སྐྱེལ་ལས་རིགས་ཀྱིས་བཀོད་སྒྲིག་བྱེད་གནས་དང་། ལས་གཉེར་བྱེད་གནས། སྐྱེལ་འདྲེན་རླངས་འཁོར། དངོས་རྫས་དང་མཁོ་ཆས་སོགས་ལ་གཟབ་ནན་གྱིས་དུག་སེལ་བྱེད་དགོས་པ་དང་། ཉར་ཚགས་སྦྲག་རྫས་དང་མྱུར་སྐྱེལ་དངོས་རྫས་ལ་ཁྱོན་ཡོངས་ནས་དུག་སེལ་ལེགས་པོ་བྱེད་པ། གསར་དུ་འབྱོར་བའི་སྦྲག་རྫས་བསྡུ་ལེན་དང་མངག་གཏོང་གནས་སྐབས་ཕྱིར་འགྱངས་བྱས་ནས། “སྔོན་ལ་དུག་སེལ་དང་རྗེས་སུ་མངག་གཏོང་བྱེད་པའི”ལམ་ལུགས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སྡེབ་སྐྱེལ་མི་སྣ་དགོས་མེད་ཀྱིས་སྡེ་ཁུལ་ནང་མི་འཛུལ་བར་སྡེབ་སྐྱེལ་བྱེད་སྐབས་ཁ་ཐུམ་ཡང་དག་སྒོས་རྒྱག་པ་དང་། ཐེངས་གཅིག་རང་བཞིན་གྱི་ལག་ཤུབས་གྱོན་དགོས་ལ། དགོས་ངེས་སྐབས་འགོག་སྲུང་གྱོན་ཆས་གྱོན་ནས་སྡེབ་སྐྱེལ་བྱེད་དགོས། དངོས་པོ་བསྡུ་ལེན་བྱེད་མཁན་གྱིས་ཁ་ཐུམ་དང་ཐེངས་གཅིག་རང་བཞིན་གྱི་ལག་ཤུབས་ཡང་དག་པའི་སྒོ་ནས་གྱོན་ཏེ། ཕྱི་ནས་ཐུམ་བཤིག་པ་དང་ཅ་ལག་ལ་ཆང་བཅུད་ཀྱིས་དུག་སེལ་གང་ཐུབ་བྱེད་དགོས། ཚགས་པར་དང་དུས་དེབ། སྦྲག་སྲིད་མྱུར་སྐྱེལ་བཅས་ཀྱིས་རིམས་ནད་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག “མི་དང་རླངས་འཁོར་དང་ལམ་ཐིག་བཅས་གཏན་འཁེལ”གྱི་རྩ་དོན་གཞིར་བཟུང་རྒྱུན་ལྡན་ངང་བརྒྱུད་འདྲེན་བྱེད་དགོས།
བརྒྱད།སྨན་བཅོས་སྡེ་ཁག་གིས་སྨན་ཁང་དུ་རིམས་ནད་འགོག་སྡོམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་།“སོ་ལྟ་ཁང་”གི་ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། སྔོན་ལ་བརྟག་དཔྱད་དང་ཁག་བགོས་ནས་སྨན་བཅོས་བྱེད་པ་དང་། སྨན་བཅོས་ཐོག་མ་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་ནན་མོ་ལག་བསྟར་བྱེད་དགོས་པ་བཅས་དྲ་ཐོག་དང་དྲ་ཐོག་གི་སྨན་རྫས་ཚོང་ཁང་ནས་ཕྱིར་འཚོང་བྱེད་པ་སླར་གསོ་བྱེད་རྒྱུ་དང་། ཚ་བ་གཅོག་པའི་སྨན་དང་། ལུད་པ་འགོག་པའི་སྨན། འབུ་ཕྲ་འགོག་བྱེད་ཀྱི་སྨན་སོགས་རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་པའི་སྨན་རྫས་ཕྱིར་འཚོང་བྱེད་པ་དང་། དངོས་མིང་བཀོད་ནས་ཐོ་འགོད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་བརྒྱུད། ཚ་བ་རྒྱས་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་ཐོན་ཚེ་ཁོངས་གཏོགས་ཁུལ་གྱི་རིམས་ནད་འགོག་སྡོམ་ཚོད་འཛིན་སྡེ་ཁག་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།
དགུ།སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་། བུ་བཅོལ་ལས་ཁུངས་དང་རིགས་སོ་སོའི་གསོ་སྦྱོང་ལས་ཁུངས་ཀྱིས་ཡུལ་དངོས་ཀྱི་སློབ་ཁྲིད་བྱ་འགུལ་ཡོངས་རྫོགས་སྤེལ་མཚམས་འཇོག་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ཐུན་མོང་གི་ཆོས་ལུགས་བྱ་འགུལ་སྤེལ་མཚམས་འཇོག་དགོས། ཕན་བདེ་ལས་ཁུངས་དང་རྒན་གསོ་ལས་ཁུངས། སྨྱོ་ནད་སྨན་ཁང་། བཙོན་ཁང་སོགས་སྡེ་ཁག་གིས་མུ་མཐུད་དུ་བཀག་སྡོམ་དོ་དམ་བྱེད་དགོས།
བཅུ།རིགས་སོ་སོའི་ཐོན་སྐྱེད་ཚོང་གཉེར་བྱེད་ས་ཡིས་ལས་གཉེར་མ་བྱས་གོང་ཁོར་ཡུག་དུག་སེལ་དང་གཙང་སྦྲ་དང་རླུང་རྒྱུག་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། རིམས་འགོག་ཆེད་ལས་ལས་དོན་པ་བཀོད་སྒྲིག་བྱས་ཏེ་འགྲོ་སྐྱོད་ཚོད་འཛིན། རླུང་རྒྱུག་པ། དངུལ་སྨར་མ་ཡིན་པའི་རྩིས་སྤྲོད་དར་སྤེལ་སོགས་ཀྱི་བྱ་ཐབས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། གློག་སྐས་དང་སྐས་འཛེག ཁྲོམ་སྒྲོམ། ཉོ་སྒྲུབ་རླངས་འཁོར་སོགས་ལ་དུག་སེལ་བྱེད་པའི་ཐེངས་གྲངས་ཇེ་མང་དུ་གཏོང་དགོས། དབུས་ཀྱི་དྲོད་སྙོམ་ཆས་བེད་སྤྱོད་བྱེད་སར་དུས་བཅད་ལྟར་རླུང་སྐྱེལ་ས་སོགས་ཀྱི་སྒྲིག་ཆས་ལ་གཙང་འཁྲུད་དང་དུག་སེལ། བརྗེ་ལེན་བྱེད་དགོས། དྲོད་ཚད་འཇལ་བ་དང་ཁ་ཐུམ་རྒྱག་པ། ཨང་རིས་གཉིས་བཤེར་བ་སོགས་ཀྱི་འགོག་སྡོམ་བྱ་ཐབས་དོན་འཁྱོལ་ནན་མོ་བྱས་ནས། ནང་ལ་འཛུལ་བར་ངེས་པར་དུ་ཨང་རིས་བཤེར་བ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། གཏན་འབེབས་ལྟར་ལག་བསྟར་མི་བྱེད་པའི་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས། ལས་མགོ་བསྐྱར་ཚུགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་བྱས་ནས། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་མེད་པར་བཟོས་ཏེ“ནད་ཡམས”འཁྱེར་ནས་ཐོན་སྐྱེད་བྱེད་པར་གཏན་འགོག་བྱེད་དགོས།
བཅུ་གཅིགརིམས་ནད་འགོག་སྡོམ་དྲ་མིག་ཅན་གྱི་དོ་དམ་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། མུ་མཐུད་དུ་ཡུལ་གཞན་ནས་ཟི་ལིང་དུ་ཡོང་མཁན་གྱི་སྒོ་རྒྱག་དོ་དམ་བྱ་ཐབས་རིགས་དབྱེ་ལག་བསྟར་ནན་མོ་བྱེད་དགོས། ཟི་ལིང་ལ་ཡོང་བ་དང་ཟི་ལིང་ནས་ཕྱིར་ལོག་པའི་མི་སྣ་ཚང་མས་ངེས་པར་དུ་ཆུ་ཚོད48རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཅན་གྱི་དཔང་རྟགས་འཁྱེར་དགོས་པ་མ་ཟད། སར་བབས་ནས་ཆུ་ཚོད24ནང་ཚུན་དུ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པ་དང་། དུས་ཚོད་དང་པོར་རང་འགུལ་ངང་གང་དུ་སླེབས་པའི་སྡེ་ཁུལ(གྲོང་ཚོ)ལ་སྙན་སེང་ཞུ་དགོས། ཉིང་སྐྱུར་བརྟག་དཔྱད་བྱས་པའི་མཇུག་འབྲས་མ་ཐོན་གོང་ཁྱིམ་སྡོད་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་བླང་བྱ་དང་འགལ་ཏེ་རིམས་འགོག་ཞིབ་བཤེར་ལས་གཡོལ་བའི་བྱ་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་དགོས། རྒྱ་ཆེའི་གྲོང་མིས་ལྟ་སྐུལ་དང་ཐེར་འདོན་བྱེད་པར་འབད་བརྩོན་བྱས་ནས་རྩད་གཅོད་བྱས་པ་བརྒྱུད་དོན་དངོས་དང་མཐུན་པ་ཡིན་ན། རྫོང་དང་ཆུས་སོ་སོའི་གཏན་འབེབས་བྱས་པའི་ཚད་གཞི་ལྟར་ཐེར་འདོན་བྱེད་མཁན་ལ་དེ་མཚུངས་ཀྱི་བྱ་དགའ་སྟེར་དགོས། །
བཅུ་གཉིས།ཕྱོགས་བཞིའི་འགན་འཁྲི་ནན་མོར་འཛིན་པ། ཁུལ་དང་རྫོང་ཁོངས་ཀྱི་འགོག་སྡོམ་འགན་འཁྲི་དངོས་འབེབས་བྱེད་པ་དང་། སྲང་ལམ(ཤང་གྲོང)དང་གཞིས་ཁུལ(སྡེ་བ)འགན་འཁྲི་ནན་མོར་འཛིན་པ། གཞིས་ཆུང(རང་བྱུང་སྡེ་བ)དོ་དམ་ཚོད་འཛིན་བྱེད་ཐབས་ཞིབ་ཅིང་ཕྲ་བར་དངོས་འབེབས་བྱེད་དགོས། ལས་རིགས་ཀྱི་དོ་དམ་སྡེ་ཁག་གཙོ་བོས་བྱ་བའི་བྱེད་ཐབས་ཞིབ་མོར་བཟོ་བ་དང་། ལས་རིགས་ཀྱི་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ། ཉིན་རྒྱུན་ལམ་སྟོན་ཇེ་དྲག་ཏུ་བཏང་ནས། དུས་ལྟར་སྤྱི་ཚོགས་དོ་ཁུར་ལ་ལན་སྤྲོད་དགོས། ལས་ཁུངས་ཀྱི་བྱེད་པོའི་འགན་འཁྲི་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། རང་ལས་ཁུངས་ཀྱི་མི་སྣའི་འགྲོ་འོང་ལ་དོ་དམ་དང་བདེ་འཇགས་ལྟ་བཤེར་ཇེ་དྲག་ཏུ་བཏང་སྟེ། འགོག་སྡོམ་བྱེད་ཐབས་ཀྱི་དངོས་འབེབས་ལ་ཁག་ཐེག་བྱེད་དགོས། རིམས་ནད་འགོག་སྡོམ་ཁྲོད་བྱེད་ཐབས་དངོས་འབེབས་བྱས་པ་ཚད་ལ་མ་སླེབས་པ་དང་འགོག་སྡོམ་བླང་བྱ་དངོས་འབེབས་གཟབ་ནན་མ་ཡིན་པའི་དབང་གིས་མི་སྣ་དོ་དམ་ལ་ཆད་ལྷག་ཤོར་ཏེ། རིམས་ནད་འགོས་ཁྱབ་བྱུང་ཚེ། འགན་འཁྲི་གཟབ་ནན་གྱིས་བདའ་འདེད་གཏོང་བ་དང་བཅའ་ཁྲིམས་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ།
བཅུ་གསུམ།རྒྱ་ཆེ་བའི་གྲོང་མིས་རང་ཉིད་དོ་དམ་གྱི་འགན་འཁྲི་ནན་ཏན་གྱིས་ལག་ཏུ་བསྟར་བ་དང་། རིམས་འགོག་བླང་བྱ་སྲུང་བ། རིམས་འགོག་དོ་དམ་བརྩི་བ། ཕྱིར་བསྐྱོད་པར་ཁ་ཐུམ་རྒྱག་པ་དང་། འབྲེལ་འདྲེས་བར་ཐག་སྲུང་བ། རང་འགུལ་གྱིས་འགོག་སྨན་རྒྱག་པ་བཅས་རྒྱུན་བསྐྱངས་ཏེ། རང་ཉིད་བདེ་འཇགས་ཀྱི་སོ་སྲུང་པ་བྱེད་དགོས། རིམས་ནད་འགོག་སྡོམ་བྱེད་ཐབས་དངོས་འབེབས་བྱེད་པར་ཧུར་ཐག་གིས་བརྩི་སྲུང་བྱེད་པ་དང་། སྟོན་མོ་ཕྱིར་བསྣུར་དང་འདས་མཆོད་སྟབས་བདེ་ཡིས་སྒྲུབ་པར་རྒྱུན་སྐྱོང་བ། ལག་པ་བཀྲུ་བ་དང་། རླུང་རྒྱུ་བ། ཟས་བགོ་བ། གཞུང་ཐུར་སྤྱོད་པ་སོགས་ཀྱི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས།ཚ་རྒྱག་པ་དང་། སྐམ་ལུད་བྱེད་པ། ལུས་ཤུགས་ཉམས་པ། མུད་ཐག་ན་བ། སྣ་ཤེས་ཉམས་པ་སོགས་པྲོག་གསར་གློ་ཚད་ཀྱི་དོགས་ཡོད་ནད་རྟགས་བྱུང་ན། མི་སྒེར་གྱི་འགོག་སྲུང་ལེགས་པར་སྒྲུབ་དགོས་ལ། དུས་ལྟར་ཐག་ཉེ་སའི་སྨན་ཁང་གི་ཚ་བརྟག་སྒོ་བསྟེན་དུ་སོང་ནས་སྨན་པར་བསྟེན་ནས་གྲལ་བཤེར་བྱེད་དགོས་པར་མ་ཟད། རང་ཉིད་ཀྱི་ཡུལ་སྐོར་བརྒྱུད་ལམ་དང་འབྲེལ་འདྲེས་གནས་ཚུལ་སྨན་པར་གསལ་པོར་བཤད་པ་དང་། སྨན་ཁང་དུ་འགྲོ་བའི་ལམ་བར་དུ་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་བསྡད་མི་ཆོག རིམས་ནད་འགོག་སྡོམ་གྱི་གཏན་ཁེལ་དང་འགལ་ན། བཅའ་ཁྲིམས་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱེད་དགོས།
མིག་སྔར་རང་རེའི་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གནས་བབ་སྤྱིའི་ཆ་ནས་བརྟན་ཐོག་བཟང་འཕེལ་ཡིན་མོད། རིམས་ནད་བག་གནས་དང་ཕྱི་ནས་ནང་མཆེད་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེ་བའི་སྡོད་དམངས་ཀྱིས་ཉེན་ཟོན་འདུ་ཤེས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། འབྲེལ་ཡོད་གཏན་འབེབས་བརྩི་སྲུང་ཞུ་བ། ཐོབ་དཀའ་བའི་རིམས་འགོག་གྲུབ་འབྲས་མཉམ་སྲུང་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་དགོས།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2022ལོའི་ཟླ4པའི་ཚེས22ཉིན།