གཏན་ཁེལ་ནད་པ14དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་ལ། ནད་རྟགས་མེད་པའི་ནད་པ29སྨན་བཅོས་ལོགས་བཀར་ལྟ་ཞིབ་ལས་གྲོལ།
གསར་འགོད་པས་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ4པའི་ཚེས24ཉིན་གྱི་ཆུ་ཚོད20བར་དུ། ཟི་ལིང་གྲོང་ཁྱེར་ཡོངས་སུ་གདགས་གཤིས་ཅན122ཡོད་ལ། མིག་སྔར་སྨན་ཁང་དུ79ཡོད། (གཏན་ཁེལ་ནད་པ43ཡོད་ལ། དེའི་ནང་སྤྱིར་བཏང་ནད་པ1དང་། ཡང་མོ42ཡོད། ནད་རྟགས་མེད་པའི་ནད་པ36ཡོད།)
སྟོབས་ཤུགས་ཡོད་རྒུས་སྨན་བཅོས་བྱ་བ་ལེགས་པོ་སྒྲུབ་ཆེད། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་ཆེད་མཁས་ཚོ་ཆུང་གིས་རོགས་སྒྲུབ་ཚད་མེད་བྱས་ཏེ། ཚན་རིག་དང་ཚད་ལྡན་ངང་སྨན་བཅོས་བྱས། སྨན་བཅོས་མྱུར་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད། “མི་གཅིག་ལ་བཅོ་ཐབས་གཅིག་དང་། མི་གཅིག་ལ་ཡིག་ཚགས་གཅིག”གི་བྱེད་ཐབས་དང་། ཀྲུང་ཕྱི་མཉམ་འབྲེལ་སོགས་ཕྱོགས་བསྡུས་ཀྱི་སྨན་བཅོས་བྱེད་ཐབས་ལག་ལེན་ནན་མོ་བྱས་ཏེ། ནད་པ་རེ་རེར་སྨན་བཅོས་གནད་དུ་ཐིངས་པ་བྱས་ནས་སྔ་མོ་ནས་བདེ་ཐང་ཡོང་བར་འགན་སྲུང་བྱས། རྒྱལ་ཁབ་ཀྱི《པྲོག་གསར་གློ་ཚད་ནད་དུག་སྨན་བཅོས་བྱེད་ཐབས》ཀྱི་ལོགས་བཀར་དོ་དམ་ལས་གྲོལ་བ་དང་སྨན་ཁང་ནས་འབུད་པའི་ཚད་གཞི་གཞིར་བཟུང་ནས། ཟླ4པའི་ཚེས24ཉིན་གྱི་ཆུ་ཚོད20སྟེང་། གཏན་ཁེལ་ནད་པ14སྨན་ཁང་ནས་བུད་པ་དང་། ནད་རྟགས་མེད་པའི་ནད་པ29གསོ་རིག་ལོགས་བཀར་ལྟ་ཞིབ་ལས་གྲོལ་ལ། ལྷག་མའི་མི་གཞན་དག་གི་གནས་ཚུལ་ལེགས་པོ་རེད།
གཞན་ཡང་། ཤེས་གསལ་ལྟར་ན་སྐྱེས་ནས་ཟླ་གཅིག་ཙམ་ལས་ལོན་མེད་པའི་ནད་རྟགས་མེད་པའི་ནད་པ72པའི་ཕ་མའང་གཏན་ཁེལ་ནད་པར་ངོས་བཟུང་ལ། ཁོ་ཚོ་གསུམ་པོར་ནད་ཁང་གཅིག་ཏུ་ལོགས་བཀར་སྨན་བཅོས་བྱེད་བཞིན་འདུག བྱིས་པ་དེ་སྨན་ཁང་དུ་བསྡད་རྗེས། སྨན་བཅོས་ཆེད་མཁས་ཚོ་ཆུང་གིས་ནད་པ་ཆུང་ཆུང་ལ་གསོ་རླུང་ཉུང་ངུར་རྔུབ་ཏུ་བཅུག་པ་དང་། ཚེ་སྲོག་གི་རྟགས་མཚན་ལ་ལྟ་ཞིབ་བྱས་ཤིང་། ལྷག་པར་ནད་པ་ཆུང་ཆུང་གི་སྟོབས་ཤུགས་དང་བཟའ་བཏུང་གནས་ཚུལ་ལ་ཞིབ་ལྟ་བྱས། ནད་པ་ཆུང་ཆུང་དེར་ནད་ཁང་དུ་ཕ་མས་ལྟ་རྟོག་བྱེད་བཞིན་ཡོད་ལ། སྨན་ཁང་གིས་བྱིས་པའི་ཁོང་ནད་ཚན་ཁག་གི་སྨན་པ་དེར་སྡོད་དུ་བཅུག་ནས་ནད་པ་ཆུང་ངུར་སྨན་བཅོས་བྱེད་བཞིན་འདུག དུག་སེལ་བཤེར་ཆུ་ཡིས་ནད་པ་ཆུང་ངུའི་མིད་པ་དང་སྐྱི་པགས་ལ་གནོད་པ་མི་བཟོ་ཆེད། ནད་ཁང་གི་དུག་སེལ་བྱ་བ་དེ་མཁའ་དབུགས་དུག་སེལ་འཕྲུལ་ཆས་ཀྱི་དུག་སེལ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་སྒྱུར་འདུག མིག་སྔར་ནད་པ་ཆུང་ཆུང་དང་ཕ་མའི་གནས་ཚུལ་ལེགས་པོ་རེད།