མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྣ་ཚོགས་གནད་ལ་འཁེལ་བའི་སྒོ་ནས་སྤེལ།
2022.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རེས་སྐོར་གསར་བའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་བོར་བདེ་ཐང་ཨང་རིས་ཀྱི་ལག་རྩལ་འདེགས་སྐྱོར་ཇེ་ལེགས་སུ་བཏང་ནས་ཞབས་ཞུ་ཇེ་བཟང་དུ་གཏོང་བ་དང་། གཙོ་གནད་དངོས་ཟོག་གི་མཁོ་འདོན་ལ་བརྟེན་ནས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ཚོང་རྫས་ཀྱི་རིན་གོང་ལྟ་ཞིབ་རྒྱུན་མཐུད་ངང་སྤེལ་ནས་དམངས་སེམས་ཇེ་བརྟན་དུ་གཏོང་བ་སོགས་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པར་རོགས་འདེགས་བྱས།

ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འཕྲལ་བསྟུན་ཞིབ་འཇུག་གསར་སྤེལ་བྱས་པའི་ཡིད་རྟོན་བདེ་ཐང་ཨང་རིས་མ་ལག་ཉིན་བརྒྱད་བརྒྱ་ལ་ལག་བསྟར་བྱས་པ་དང་། བསྡོམས་པས་ལས་ཁུངས་དང་ཡུལ་གནས་འབུམ་གཅིག་དང་ཁྲི་དགུ་སྟོང་ལྔ་ལྷག་གིས་ཐོ་འགོད་དང་མི་བྱེ་བ་གཅིག་དང་འབུམ་གསུམ་ཁྲི་གསུམ་གྱིས་ཡིད་རྟོན་བདེ་ཐང་ཨང་རིས་བླངས། སྐོར་འདིའི་རིམས་ནད་འགོག་སྡོམ་སྐབས་སུ་ཡིད་རྟོན་བདེ་ཐང་ཨང་རིས་ཐོ་འགོད་བྱེད་ཚད་དང་ཨང་བཤེར་བྱེད་ཚད་རྒྱུན་མཐུད་ངང་ཇེ་མང་དུ་སོང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཇགས་རྣམ་དོ་དམ་ཁུལ་གྱི་འཚོ་བའི་དངོས་ཟོག་འགན་སྲུང་བྱ་བའི་ཇུས་གཞི་ཕྱིར་བཏོན་པ་དང་། འགན་སྲུང་རྐྱེན་སྲོལ་དང་དམངས་ཚིས་དངོས་ཟོག་ཉར་གསོག ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་པ། དངོས་ཟོག་སྐྱེལ་འདྲེན་གེགས་མེད་བྱེད་པ། ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ནས་ཕན་ཡོད་བྱེད་ཐབས་སྤྱད་དེ། དམངས་ཚིས་ཚོང་རྫས་གཙོ་བོའི་ཚོང་རའི་མཁོ་འདོན་འདང་པར་ཁག་ཐེག་བྱས། འབྲུ་སྣུམ་ཤ་སྒོང་དང་སྔོ་ཚལ་སོགས་དམངས་ཚིས་ཚོང་རྫས་གཙོ་བོ་མཁོ་འདོན་བཟང་བོ་བྱེད་པར་མཐུན་སྦྱོར་བྱས་པ་དང་། རིན་ཅེ་འབྲུ་སྣུམ་སྡེབ་འཚོང་ཚོང་རའི་ཉིན་རེའི་ཚོང་རྫས་ཀྱི་འབྲུ་སྣུམ་ཉར་གསོག་ཚད་ཏུན་སྟོང་དགུ་ཡས་མས་སུ་རྒྱུན་འཁྱོངས་བྱས་པ་དང་། མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་ཀྱིས་བསྡོམས་པས་སྔོ་ཚལ་ཏུན་ཁྲི་བཞི་དང་སྟོང་གཉིས་ལྷག་ནང་འདྲེན་བྱས་ལ། ཉིན་རེར་ཟི་ལིང་གྲོང་ཁྱེར་གཙོ་གནད་མཁར་ཁུལ་ལ་རིགས་མི་འདྲ་བའི་ཞིང་ཞོར་ཐོན་རྫས་ཏུན་སྟོང་གསུམ་ཙམ་སྐྱེལ་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ཚོང་ཁང་གཙོ་བོ་ཞེ་གཉིས་དང་སྡོད་ཁུལ་གྱི་སྟབས་བདེ་ཚོང་ཁང་དང་སྔོ་ཚལ་ཚོང་ས་བརྒྱ་དང་ང་བདུན། ཞིང་ཞོར་ཐོན་རྫས་ཚོང་ར་བཅུ་གཅིག་གིས་རྒྱུན་ལྡན་ངང་ཚོང་གཉེར་བྱེད་ཐུབ་པར་འགན་སྲུང་བྱས།

དམངས་ཚིས་ཚོང་རྫས་གཙོ་བོའི་རིན་གོང་ལ་ཉིན་རེ་བཞིན་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཉིན་རེར་སྙན་ཞུ་འབུལ་བའི་ལམ་ལུགས་ལག་བསྟར་བྱས་པ་དང་། ལྟ་ཞིབ་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པར་ཤུགས་བསྣན་ལ། མང་ཚོགས་ཀྱིས་འཛད་སྤྱོད་འོས་མཐུན་བྱེད་པར་སྣེ་ཁྲིད་བྱས། དེ་དང་མཉམ་དུ། སྟོབས་ཤུགས་རྩ་འཛུགས་བྱས་ནས་དངོས་གོང་ཇེ་མཐོར་གཏོང་བ་དང་ཚོང་རའི་རིན་གོང་སྒེར་བཅད་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་ཤ་སྒོང་དང་སྔོ་ཚལ་གྱི་རིན་གོང་འཕར་འགྲིབ་ཀྱི་ཚད་བརྒྱ་ཆའི་བཞིའི་མན་དུ་སྲུང་འཛིན་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།