མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཡང་བསྐྱར་རིམས་ནད་འགོག་སྡོམ་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་།
2022.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ལས་བཟོ་བར་སྔར་ལས་སེམས་ཁུར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྒྱུན་མཐུད་ངང་རོགས་འདེགས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཡང་བསྐྱར་རིམས་ནད་འགོག་སྡོམ་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་བ་དང་། དེས་གཙོ་བོར་རིམས་ནད་འགོག་སྡོམ་གྱིས་དབང་གིས་འཚོ་བར་དཀའ་ཁག་ཡོད་པའི་ལས་བཟོ་བ་དང་མང་ཚོགས་ལ་རོགས་བྱེད་པ་དང་། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་སོགས་གསར་དུ་ལས་ཞུགས་བྱས་པའི་ངལ་རྩོལ་པ་དང་ཞིང་བ་ཞོར་ལས་པའི་མི་ཚོགས་ཀྱིས་གནས་སྐབས་ཀྱི་དཀའ་ཁག་ཐག་གཅོད་པའི་ཐད་རོགས་བྱེད་རྒྱུ་རེད། ཐེངས་འདིའི་རིམས་ནད་འགོག་སྡོམ་གྱི་ཆེད་སྤྱོད་ཁ་གསབ་མ་དངུལ་དེ་གཙོ་བོར་སྔོན་དུས་སུ་རིམས་ནད་འགོག་སྡོམ་ཆེད་སྤྱོད་རོགས་དངུལ་མ་བྱིན་པའི་གྲོང་ཁྱེར་དང་ཁུལ་གྱི་བཟོ་ཚོགས་དང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་གྱི་རིམས་ནད་འགོག་སྡོམ་གྱི་ལས་འགན་ཅུང་ལྕི་བའི་རྫོང་རིམ་པའི་བཟོ་ཚོགས་དང་ཞིང་བ་ཞོར་ལས་པ། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ། དཀའ་ཁག་ཡོད་པའི་ལས་བཟོ་བ་ཅུང་མང་པའི་སྦྲགས་སྲིད་དང་འགྲིམ་འགྲུལ། འཛུགས་སྐྲུན་སོགས་ཐོན་ལས་དང་ཐད་གཏོགས་བཟོ་ཚོགས་ལ་སྟེར་རྒྱུ་རེད།

བསྡོམས་རྩིས་ལྟར་ན། ཐེངས་འདིའི་རིམས་ནད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བསྡོམས་པས་རིམས་ནད་འགོག་སྡོམ་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དགུ་བཏང་བ་མ་ཟད། རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་བཟོ་བ་དང་དཀའ་ཁག་ཡོད་པའི་ལས་བཟོ་བར་འཚམས་འདྲི་བྱས།

རིན་ཆེན་མཚོས་བསྒྱུར།