རང་ཞིང་གིས་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སྡོམ་མ་ལག་འཛུགས་སྐྲུན་གྱི་མ་དཔེ་གསར་བ་འཚོལ་ཞིབ་བྱས།
2022.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་རིགས་ཀྱི་ཉེན་ཁ་ཆེན་པོ་འགོག་སྲུང་དང་ཐག་གཅོད་བྱེད་ཆེད། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགོག་སྡོམ་མ་ལག་འཛུགས་སྐྲུན་གྱི་མཛུབ་སྟོན་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཐོག་མར་འཚོལ་ཞིབ་བྱས་ནས་རིགས་བགར་དོ་དམ་དང་རིམ་བགོས་འགན་ཁུར། གོ་རིམ་ཧྲིལ་བོའི་ཚོད་འགོག་གི་ལས་རིགས་ཉེན་ཁ་འགོག་སྡོམ་མ་ལག་བཙུགས།

རྒྱུས་ལོན་བྱུང་བ་ལྟར་ན། མཛུབ་སྟོན་གྲོས་གཞིའི་ནང་རིགས་བགར་དོ་དམ་དང་རིམ་བགོས་འགན་ཁུར། ཉེན་ཁ་འགོག་སྲུང་། འཕྲལ་བསྟུན་ཐག་གཅོད། འགན་སྲུང་ལམ་ལུགས་བཅས་ཕྱོགས་ལྔ་ནས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ཉེན་ཁ་དབྱེ་འབྱེད་དང་ཉེན་ཁ་འགོག་སྡོམ། ཉེན་ཁ་རྟོག་སེལ་བཅོས་སྐྱོང་། འཕྲལ་བསྟུན་དོ་དམ་སོགས་ལམ་ལུགས་བཙུགས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རྨང་གཞིའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ནས་ལག་བསྟར་གྱི་རེ་བ་བཏོན། དེ་དང་མཉམ་དུ། ཉེན་ཁ་སྔོན་འགོག་ཐག་གཅོད་བྱ་བ་ཚན་རིག་ཅན་དང་ཆ་འཕྲིན་ཅན། ཚད་གཞི་ཅན་དུ་བསྒྱུར་བ་དང་། རིགས་བགར་དོ་དམ་འབུར་དུ་ཐོན་པར་བྱེད་པ་དང་རིམ་བགོས་འགན་ཁུར་ལག་བསྟར་བྱེད་པ། གོ་རིམ་ཧྲིལ་བོའི་འགོག་སྡོམ་ཇེ་དྲག་ཏུ་གཏོང་བ། ལས་རིགས་ཐད་ཀྱི་ཉེན་ཁ་སྤྱི་ཁོག་ནས་སྔོན་འགོག་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་ནན་སྟོན་བྱས་ཡོད།

གོ་རིམ་རྗེས་མར། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་མཛུབ་སྟོན་གྲོས་གཞིའི་དྲིལ་སྒྲོག་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོར་ཟུང་འབྲེལ་བྱས་ནས་ས་ཆ་སོ་སོའི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་དང་ཁེ་ལས་ཀྱི་ཉེན་ཁ་འགོག་སྡོམ་མ་ལག་འཛུགས་སྐྲུན་གནས་ཚུལ་གྱི་སྐུལ་འདེད་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ས་ཆ་སོ་སོའི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་དང་ཁེ་ལས་ལ་རོགས་བྱས་ནས་མཛུབ་སྟོན་གྲོས་གཞི་ནང་གཏན་ཁེལ་བྱས་པའི་ལམ་ལུགས་སྣ་ཚོགས་ལག་བསྟར་བྱེད་པ། བརྡ་ཁྱབ་སྤེལ་ནས་སྐྱོན་བརྗོད་དང་སྲིད་འཛིན་ཆད་གཅོད།  ཡིད་རྟོན་ཆད་གཅོད་སོགས་བྱེད་ཐབས་སྤྱོད་པ།  ཉེན་ཁ་འགོག་སྡོམ་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ། སྡོད་ཁང་འཛུགས་སྐྲུན་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་འགོག་སྡོམ་བྱ་བ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།