ཉེ་ལམ། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་དོ་དམ་བྱ་བའི་བླང་བྱ་དཔར་ནས་བཀྲམས་པ་དང་། བརླན་ས་སྲུང་སྐྱོབ་ལམ་ལུགས་ལེགས་བསྒྱུར་དང་། རྨང་གཞིའི་འགན་སྲུང་འདེགས་སྐྱོར་ལེགས་པོར་སྒྲུབ་པ། བརླན་སའི་ཐོན་ཁུངས་ཀྱི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏོང་བ། རྣམ་གྲངས་གསོག་འཇོག་དང་དོ་དམ་ལ་ཤུགས་སྣོན་པ་ནས་མགོ་བརྩམས་ཏེ། ཚན་རིག་ཞིབ་འཇུག་དང་ཚན་རིག་དྲིལ་སྒྲོག་སློབ་གསོའི་གཙོ་གནད་ལས་དོན་ལྔ་དང་། གཞི་རྩའི་བྱེད་ཐབས་ཉེར་བཞི་ལ་སྐུལ་འདེད་བཏང་ནས། ཉིས་སྟོང་ཉེར་གཉིས་ལོའི་རང་ཞིང་གི་བརླན་ས་སྲུང་སྐྱོབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་གཙོ་གནད་ལས་དོན་ལྔ་གཙོ་བོར་བཟུང་སྟེ་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། བརླན་ས་སྲུང་སྐྱོབ་ལམ་ལུགས་སྔར་ལས་ལེགས་སྒྱུར་དང་། བརླན་ས་དོ་དམ་མཐུན་སྦྱོར་གྱི་རྐྱེན་སྲོལ་འཛུགས་པ། བརླན་ས་གལ་ཆེན་གྱི་འཛུགས་སྐྲུན་ལས་གཞིའི་སྐྱེ་ཁམས་ནུས་པའི་ཤུགས་རྐྱེན་གདེང་འཇོག་དང་ལག་རྩལ་སྒྲིག་སྲོལ་སོགས་ཀྱི་ཚད་གཞི་མྱུར་དུ་གཏན་འབེབས་བྱས་ནས། བརླན་སའི་ཐོན་ཁུངས་དོ་དམ་གྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རེད། བརླན་ས་རིམ་བགར་དོ་དམ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱལ་ཁབ་བརླན་ས་གལ་ཆེན་གྱི་སྙན་ཞུ་བྱ་བ་གོ་རིམ་ལྡན་པར་ལེགས་པོར་སྒྲུབ་པ་དང་། དར་ལག་གི་རྨ་ཆུའི་མགོ་ཁུངས་སོགས་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་ཞིབ་བཤེར་རྩིས་ལེན་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད། ཡུས་ཧྲུའུ་ཁུལ་དང། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བརླན་སའི་བདག་དབང་མངགས་བཅོལ་ངོ་ཚབ་ཀྱི་ཚོད་ལྟའི་ལམ་སྲོལ་བྱ་བའི་མཛུབ་སྟོན་ལས་དོན་ཡག་པོར་བསྒྲུབ་རྒྱུར་རེད།
སྒྲིག་འགལ་གྱིས་བརླན་ས་བེད་སྤྱོད་བྱེད་པའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དག་ཐེར་དང་། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་སྲུང་ཡུལ་དཔྱད་ཀློག་མཇུག་འབྲས་དང་། སྐོར་ཞིབ་དང་། སྡོམ་རྩིས་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། གཙང་སེལ་དང་། དག་ཐེར་བྱ་བ་ལེགས་པོར་བསྒྲུབ་རྒྱུ་རེད། བརླན་སའི་ཐོན་ཁུངས་ཀྱི་ལྟ་སྐུལ་དོ་དམ་ནུས་ཤུགས་ཇེ་ཆེར་བཏང་ནས། བརླན་ས་སྲུང་སྐྱོབ་མཁན་གྱི་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་། སྐོར་སྲུང་ལས་དོན་ལ་ཤུགས་བསྣན་ནས། བརླན་སར་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་དོ་དམ་ནན་མོ་བྱེད་པ་དང་། ཁྲིམས་འགལ་གྱིས་ཞིང་ས་སོགས་ནས་མིས་བཟོས་བརླན་ས་བསྐྲུན་པར་གཏན་འགོག་དང་། ཞིང་ས་སློག་ནས་མཚེའུ་བསྐྱིལ་བ་དང་། མཚེའུ་བརྐོས་ནས་མཛེས་ལྗོངས་བསྐྲུན་པ། བརླན་སའི་སྤྱི་གླིང་གི་མིང་གང་འདོད་ལྟར་འདོགས་པ་སོགས་ཀྱི་བྱ་སྤྱོད་ངན་པ་གཏན་འགོག་བྱེད་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།