རང་ཞིང་གིས་འབྲི་ཆུའི་བཞུར་རྒྱུད་ཀྱི་མཚོ་སྔོན་བར་མཚམས་ཀྱི་རིག་དངོས་ཐོན་ཁུངས་ཞིབ་བཤེར་བྱ་བ་སྤེལ།
2022.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་རིག་དངོས་ཐོན་ཁུངས་ཞིབ་བཤེར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན་ལ། ཞིབ་བཤེར་ཚན་ཆུང་གིས་ཡུས་ཧྲུའུ་ཁུལ་དུ་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་ཡོད།

2021ལོའི་ཟླ་བཅུ་གཉིས་པར། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་རྒྱལ་ཁབ་རིག་གནས་སྤྱི་གླིང་མ་ལག་ཁྲོད་བཞག་པ་དང་། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། དེའི་ཁྲོད་མཚོ་སྔོན་དང་བོད་ལྗོངས་དང་བཅས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གསུམ་འཛུགས་སྐྲུན་ཁྱབ་ཁོངས་ནང་བཞག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་བར་མཚམས་འཛུགས་སྐྲུན་བྱེད་པར་ཟུང་འབྲེལ་བྱས་པ་དང་། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་དང་ཟི་ཁྲོན་སློབ་ཆེན་གཉིས་རྩ་འཛུགས་བྱས་ནས་མཉམ་འབྲེལ་སྒོས་འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་རིག་དངོས་ཐོན་ཁུངས་ཞིབ་བཤེར་བྱ་བ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བཤེར་བྱ་བས་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་གསུམ་པའི་གྲུབ་འབྲས་རྨང་གཞི་རུ་བྱས་པ་དང་། དེའི་དམིགས་འབེན་ནི་མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུའི་བཞུར་རྒྱུད་ཀྱི་རིག་དངོས་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་ཉར་གསོག བེད་སྤྱོད་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། འབྲི་ཆུའི་རིག་གནས་ཀྱི་སྲོག་ཤིང་རིན་ཐང་བཙོ་སྦྱོང་བྱེད་པ། མཚོ་སྔོན་གྱི་འབྲི་ཆུའི་རིག་གནས་ཁྲོད་ཀྱི་གོ་གནས་དང་ཁྱད་ཆོས་གཏན་ཁེལ་གསལ་བོ་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཐད་གཅིག་གྱུར་འཆར་འགོད་བྱེད་པ། འབྲི་ཆུའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རིག་གནས་གོ་དོན་འགྲེལ་བཤད་གསལ་བོ་བྱེད་རྒྱུ་དེ་ཡིན། ཞིབ་བཤེར་བཞུར་རྒྱུད་ཀྱི་ཁྱབ་ཁོངས་ནང་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར། ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་། རྩ་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་དང་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་། དར་ལག་རྫོང་། པད་མ་རྫོང་བཅས་ཁུལ་གསུམ་དང་རྫོང་དང་གྲོང་ཁྱེར་དགུ་འདུ།

མིག་སྔར། ཞིབ་བཤེར་ཚན་ཆུང་རང་ཞིང་གི་ཡུས་ཧྲུའུ་ཁུལ་དུ་སོང་ནས་ཡུལ་དངོས་འཚམས་འདྲི་དང་ལྟ་ཞིབ་དཔྱད་འཇལ། གཞི་གྲངས་བསྡུ་རུབ་དང་པར་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཡུལ་དངོས་ཞིབ་བཤེར་བྱས།

རིན་ཆེན་མཚོས་བསྒྱུར།