མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་ཆེན་པོ་བཞི་དངོས་འབེབས་བྱས་ཏེ་སྤུས་ཚད་མཐོན་པོའི་ལས་ཞུགས་མངོན་འགྱུར་བྱས།
2022.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ཉེ་ལམ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་དངོས་འབེབས་བྱེད་པར་དམིགས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་དང་ལས་ཞུགས་རྒྱ་སྐྱེད་པ། གཙོ་གནད་དམ་འཛིན་དང་ཞབས་ཞུ་ཤུགས་དྲག་ཏུ་གཏོང་བ། གསོ་སྦྱོང་ནན་མོ་བྱས་ཏེ་སྤུས་ཚད་ཇེ་མཐོར་གཏོང་བ། ཁྲིམས་བསྟར་ནན་མོ་དང་ཁེ་དབང་སྲུང་བ་བཅས་ཕྱོགས་བཞི་ནས་མགོ་བརྩམས་ཏེ། སྔར་ལས་ཇེ་ལེགས་དང་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ལ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་སྣང་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དུས་རིམ་རང་བཞིན་གྱི་ལས་ཤོར་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་འབོར་ཚད་མར་འབེབས་སྲིད་ཇུས་དང་། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་དང་ཕྱིར་སློག་སྲིད་ཇུས། ཁེ་ལས་བསྡུ་ལེན་ལས་ཞུགས་ཀྱི་ཁག་ཐེག་དངུལ་བུན་དང་། ལས་ཞུགས་ཁ་གསབ་དངུལ་སོགས་ཀྱི་སྲིད་ཇུས་བརྒྱུད་དེ། མར་འབེབས་དང་ཕྱིར་སློག  ཁ་གསབ་བཅས་ཀྱི་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ནས།ཚོང་རའི་གཙོ་གཞིའི་གསོན་ཤུགས་ལ་སྐུལ་སློང་བྱས་ཏེ། བསྡུ་ལེན་ལས་ཞུགས་ཀྱི་མཛོད་གྲུབ་དུ་འཇུག་དགོས། མཐོ་རིམ་མཐར་ཕྱིན་སློབ་མ་དང་། དམག་ཁོངས་ནས་ཕྱིར་བུད་པའི་མི་སྣ། ཞིང་བ་ཞོར་ལས་པ། དབུལ་ཐར་ངལ་རྩོལ་པ། ལས་ཞུགས་དཀའ་ཁག་ཅན་གྱི་མི་སྣ་སོགས་གཙོ་གནད་ཚོགས་ཁག་འབུར་ཐོན་བྱས་ཏེ། ལས་ཞུགས་སྲིད་ཇུས་ཁག་དངོས་འབེབས་ཞིབ་ཚགས་བྱེད་པའི་སྲིད་ཇུས་དང་། གནད་ཁེལ་མཁོ་འདོན་གྱི་སྦྲེལ་མཐུད་སྟེགས་བུ། ཁ་གཏན་རང་བཞིན་གྱི་ལས་ཞུགས་མཛུབ་སྟོན། གང་ལ་གང་མཁོ་ཡི་ལས་ཞུགས་རོགས་སྐྱོར་འདོན་སྤྲོད་བྱེད་པ། ཆེད་དོན་གདན་ཞུའི་བྱ་འགུལ་རྩ་འཛུགས་བྱེད་པ། ཆེད་དོན་རོགས་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ངལ་རྩོལ་པ་རྣམས་ཀྱིས་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་འདེད་བཏང་།

དུས་མཉམ་དུ། ཚོང་རའི་དགོས་མཁོ་ལ་ཁ་གཏད་དེ། ལས་རིགས་ལག་རྩལ་གསོ་སྦྱོང་གི་སྤུས་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་དང་། ངལ་རྩོལ་པའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། ལས་གནས་རྩལ་ནུས་མཐོར་འདེགས་དང་ཁེ་ལས་ཀྱི་རྣམ་པ་གསར་བའི་དགེ་ཕྲུག་ལམ་ལུགས་སོགས་ཀྱི་གསོ་སྦྱོང་རྒྱ་ཆེར་སྤེལ་ནས། ཁེ་ལས་རྩལ་ནུས་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། ལས་རིགས་རྩལ་ནུས་ཀྱི་འགན་སྡུར་བྱ་འགུལ་སྤེལ་ནས། འགན་སྡུར་བྱས་ཏེ་སློབ་སྦྱོང་ལ་སྐུལ་མ་གཏོང་བ་དང་། འགྲན་སྡུར་བརྒྱུད་ནས་འཇོན་མི་འདེམས། ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་ཁྲིམས་བསྟར་ཤུགས་དྲག་ཏུ་བཏང་ནས། ཞུ་གཏུག་ལམ་བུ་གེགས་མེད་བཟོ་བ་དང་། ཁེ་ལས་ལ་སྐུལ་འདེད་བཏང་ནས་ངལ་རྩོལ་གན་རྒྱ་དང་། ངལ་རྩོལ་གླ་ཆ། སྤྱི་ཚོགས་འགན་སྲུང་གྲོན་དངུལ། ངལ་གསོ་གོང་གསེང་སོགས་ཀྱི་ལམ་ལུགས་ཁྲིམས་ལྟར་དངོས་འབེབས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་པ་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དོན་དངོས་སུ་སྲུང་སྐྱོབ་ཡག་པོ་བྱས་ལ། གླ་ཕོགས་ཆད་པ་རྩ་བ་ནས་མེད་པར་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པའི་གནད་དོན་ཁྲིམས་ལྟར་ཐག་གཅོད་བཟང་བོ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།