ཟི་ལིང་གྲོང་ཁྱེར་གྱིས་གོ་རིམ་ལྡན་པར་འབྲེལ་ཡོད་ས་ཁུལ་གྱི་བཀག་སྡོམ་གློད་རྒྱུ་རེད།
2022.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5པའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཟི་ལིང་གྲོང་ཁྱེར་གྱིས་གོ་རིམ་ལྡན་པར་འབྲེལ་ཡོད་ས་ཁུལ་དང་གནས་ཡུལ་གྱི་བཀག་སྡོམ་གློད་པའི་གནས་ཚུལ་དང་། ས་ཁོངས་ཡོངས་ཀྱི་མི་ཡོངས་ལ་ཉིང་སྐྱུར་བརྟག་ཐེངས་སྐོར་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་མཇུག་འབྲས་བསྒྲགས་པར་མ་ཟད། རྗེས་ཕྱོགས་ཀྱི་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་བྱ་བ་མཚམས་སྦྱོར་བྱས།

ཟླ5པའི་ཚེས16ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་མཁར་ནུ་ས་ཁུལ་དང་ཧོང་ཀྲུང་ས་ཁུལ། སྟོང་སྐོར་རྫོང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་ལ་ཁུལ་ཁོངས་དོ་དམ་ཚོད་འཛིན་བྱ་རྒྱུ་ཡིན་པ་དང་། ནན་འཛིན་དམ་འཛིན་གྱི་འགོག་སྡོམ་བྱེད་ཐབས་སྤྱོད་རྒྱུ་རེད། མཁར་དཀྱིལ་ས་ཁུལ་དང་མཁར་ཤར་ས་ཁུལ། མཁར་བྱང་ས་ཁུལ་བཅས་ཀྱི་རྒྱ་སྡོམ་ཁུལ་དང་། དམ་སྡོམ་ཁུལ། འགོག་ཟོན་ཁུལ་བཅས་ལས་གཞན་པའི་ཁུལ་ཁོངས་གོ་རིམ་ལྡན་པར་གློད་རྒྱུ་ཡིན་པ་དང་། དམ་སྡོམ་ཁུལ་ཁོངས་དང་གོ་རིམ་ལྡན་པར་བཀག་སྡོམ་གློད་པའི་ཁུལ་ཁོངས་ཀྱི་འགྲིམ་འགྲུལ་འགོག་སྡོམ་ལ་ཤུགས་བསྣན་ནས། ངེས་པར་དུ་དགོས་མཁོ་བྱུང་ན་མ་གཏོགས་འགྲོ་འོང་ལ་ཚོད་འཛིན་བྱ་རྒྱུ་རེད། མི་ཚོགས་མང་པོ་འདུ་ཡུལ་མ་གཏོགས་གཞན་པའི་གནས་ཡུལ་རྣམས་གོ་རིམ་ལྡན་པར་གློད་རྒྱུ་རེད། གོ་རིམ་ལྡན་པར་གློད་རྒྱུ་ཡིན་པའི་ཁུལ་ཁོངས་སུ། ཟླ5པའི་ཚེས18ཉིན་ནས་བཟུང་། རིམ་བཞིན་ཟ་ཁང་རིགས་ཀྱི་ལས་གཉེར་སླར་གསོ་བྱ་རྒྱུ་རེད། ཟ་ཁང་དག་གིས་ཟ་མ་བཙོང་བ་ལས་ཟ་ཁང་ནང་ནས་ཟ་མ་་བཟའ་རུ་བཅུག་མི་ཆོག ཕྱི་རོལ་གྱི་ཡུལ་སྐོར་བྱེད་ས་དང་སྤྱི་གླིང་སྣ་ཚོགས། ལུས་རྩལ་སྦྱོང་ས་སོགས་ཀྱིས་མི་སྣ་སྣེ་ལེན་བྱ་ཚད་དེ་ཆེས་མཐོ་བའི་ཚད་ཀྱི་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་མི་ཆོག་ལ། མགྲོན་ཁང་དུ་མི་འདུག་ཚད་བརྒྱ་ཆའི་སུམ་ཅུ་ལས་བརྒལ་མི་ཆོག གྲོང་ཁྱེར་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ། ལས་རིགས་སློབ་གྲྭ་བཅས་ཀྱིས་བཀག་སྡོམ་དོ་དམ་ལག་བསྟར་ནན་མོ་བྱས་ཏེ་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་མུ་མཐུད་དུ་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུ་རེད། ལས་ཁུངས་གཙོ་བོ་དག་ཏུ་བཀག་སྡོམ་དོ་དམ་ལག་བསྟར་ནན་མོ་བྱ་རྒྱུ་ཡིན་པ་དང་། སྨན་རྫས་ཚོང་ཁང་དག་གིས་ཚ་འཇོག་པའི་སྨན་དང་གློ་འཇགས་ཀྱི་སྨན། ནད་དུག་འགོག་པའི་སྨན། ནད་སྲིན་འགོག་པའི་སྨན་བཅས་ཉོ་མཁན་གྱི་དངོས་མིང་ཐོ་འགོད་བྱ་དགོས། མགྱོགས་སྐྱེལ་ལས་རིགས་གོ་རིམ་ལྡན་པར་གློད་རྒྱུ་ཡིན་པ་དང་། གྲོང་ཁྱེར་ནས་ཁུལ་སོ་སོའི་བར་གྱི་འགྲུལ་སྐྱེལ་རླངས་འཁོར་གནས་སྐབས་སུ་གཏོང་མཚམས་འཇོག་རྒྱུ་རེད། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་གྱི་གཞི་ཁྱོན་ལ་ཚོད་འཛིན་ནན་མོ་བྱས་ཏེ། གྲོང་ཁྱེར་གྱིས་གཏན་ཁེལ་བྱས་པའི་ཚོགས་འདུ་དང་བྱ་འགུལ་གལ་ཆེན་ལས་གཞན་དག་ཚང་མ་སྔོན་ལ་ཡར་ཞུ་བྱ་དགོས།

མིག་སྔའི་བར་དུ་ཟི་ལིང་གྲོང་ཁྱེར་གྱི་མི་ཡོངས་ལ་ཉིང་སྐྱུར་བརྟག་ཐེངས་སྐོར་གཉིས་པ་དང་གསུམ་པ། བཞི་པ་བཅས་ལས་བསྡོམས་པས་མི་ས་ཡ་དྲུག་དང་འབུམ་གཅིག་ཁྲི་བདུན་སྟོང་བརྒྱད་དྲུག་བརྒྱ་ཉིང་སྐྱུར་བརྟག་དཔྱད་བྱས། སྤྱི་ཚོགས་ངོས་ཀྱི་ཉིང་སྐྱུར་བརྟག་ཐེངས་སྐོར་གསུམ་གྱི་ཁྲོད་དུ་གྲལ་བཤེར་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད། གཙོ་གནད་གཅིག་བསྡུས་འགོག་སྡོམ་མི་ཚོགས་ཀྱི་ཁྲོད་དུ་བརྟག་དཔྱད་སྐོར་གསུམ་ལས་སོ་སོར་མཇུག་འབྲས་གདགས་གཤིས་ཅན25དང་། 15དང7བཅས་བྱུང་བ་དང་། གཞན་དག་ཚང་མ་སྲིབ་གཤིས་རེད། ཟླ5པའི་ཚེས16ཉིན་ནས17ཉིན་བར་ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་ཐེངས་གཉིས་ལ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་རེད། ཟླ5པའི་ཚེས19ཉིན་ནས་བཟུང་། གྲོང་ཁུལ་གཙོ་བོ་དང་ཧོང་ཀྲུང་གི་མདོ་བ་ཁུལ་གསར་དུ་ཉིན3གྱི་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་རྒྱུ་ཡིན་པ་དང་། རྟ་ཐང་རྫོང་དང་སྟོང་སྐོར་རྫོང་། མདོ་བ་ཁུལ་གསར་མ་གཏོགས་པའི་ཧོང་ཀྲུང་ས་ཁུལ་བཅས་ལ་གཟའ་འཁོར་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་རྒྱུ་རེད། ཟླ5པའི་ཚེས18ཉིན་ནས་བཟུང་། ལས་རིགས་གཙོ་བོའི་ལས་དོན་པ་དང་རྒྱ་སྡོམ་ཁུལ་དང་། དམ་སྡོམ་ཁུལ། འགོག་ཟོན་ཁུལ། རིམས་འགོག་གི་འཐབ་ཕྱོགས་དང་པོའི་ལས་དོན་པ་བཅས་ལ་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་རྒྱུ་ཡིན་པ་དང་། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་ལས་དོན་པར་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་རྒྱུ་རེད།