ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་སྡོམ་ཐད་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན།
2022.05.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ5པའི་ཚེས15ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རིམས་ནད་བྱུང་རྗེས། ཟི་ལིང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་ཡོངས་རྫོགས་རྩ་འཛུགས་བྱས་པ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཚན་རིག་དང་མཐུན་པར་རིམས་ནད་འགོག་སྡོམ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། རིམས་ནད་འགོག་སྡོམ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བདེ་འཇགས་དང་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན།

མཚམས་སྦྱོར་བྱས་པ་ལྟར་ན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་རེར་ཆ་སྙོམས་ཀྱི་ཉེན་རྟོག་པ1000ལྷག་མངགས་ཏེ། གྲོང་ཁྱེར་ཕྱི་རོལ་དང་གྲོང་ཁྱེར་ནང་ཁུལ་གྱི་རྫོང་དང་ས་ཁུལ་སོ་སོའི་མཐའ་མཚམས་སུ་འགོག་སྡོམ་གྱི་གནས138བཙུགས་ནས། ཆུ་ཚོད24རིང་མཚམས་མ་ཆད་པར་ཞིབ་བཤེར་བྱས། ཉིན་རེར་ཆ་སྙོམས་ཀྱི་ཉེན་རྟོག་པ750ལྷག་མངགས་ཏེ། རྒྱ་སྡོམ་ཁུལ་དང་དམ་སྡོམ་ཁུལ། འགོག་ཟོན་ཁུལ། གཅིག་བསྡུས་ལོགས་བཀར་བྱེད་ས་སོགས་གནས་ཡུལ་གཙོ་བོའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས། ཟླ5པའི་ཚེས6ཉིན་གྱི་ཚུན་ལ། རིམས་འགོག་མི་སྣར་སྡིག་དམོད་དང་རྡུང་རྡེག་བྱས་པ་དང་། འགྲུལ་སྐྱོད་དཔང་ཡིག་རྫུན་བཟོ་བྱས་པ། རྒྱ་སྡོམ་དོ་དམ་ལ་གཡོལ་བ། དཀྲོག་གཏམ་བཟོས་པ་སོགས་ཀྱི་གྱོད་དོན72དང་མི123ཁྲིམས་ལྟར་ཐག་གཅོད་བྱས། ཉིན་རེར་ཆ་སྙོམས་ཀྱི་ཉེན་རྟོག་པ2000ལྷག་མངགས་ཏེ། ཉིང་སྐྱུར་བརྟག་བྱེད་སའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་པའི་རྨང་གཞིའི་སྟེང་། ས་ཁོངས་གཙོ་བོ་རུ་གཙང་བཤེར་བྱས་ཏེ། བསྡོམས་པས་ཁྱིམ་ཚང་ཁྲི4ལྷག་དང་། གཞན་ལ་གླས་པའི་ཁང་པ་གྱན5800ལྷག མགྲོན་ཁང1100ལྷག གནས་ཡུལ་གཙོ་བོ390ལྷག་བཅས་ལ་གྲལ་བཤེར་བྱས། དེའི་སྐབས་སུ་ཉིང་སྐྱུར་བརྟག་དཔྱད་ལ་མི་ཞུགས་པའི་དོན་དག16དང་མི31ཁྲིམས་ལྟར་ཐག་གཅོད་བྱས།