མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།
2022.05.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། ཞིང་ཆེན་ཆུ་བེད་ཐིན་གྱིས་མྱུར་དུ་བྱེད་ཐབས་སྤྱད་དེ། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་། རིམས་ནད་འགོག་སྡོམ་སྐབས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་སྐབས་སུ་བདེ་འཇགས་ཀྱི་ཆུ་དང་སེམས་བདེའི་ཆུ་འཐུང་ཐུབ་པར་ཁག་ཐེག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ཆུ་ཁུངས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཅིག་བསྡུས་རང་བཞིན་གྱི་ཆུ་འདོན་བཟོ་སྐྲུན་སྟོང་གཉིས་བརྒྱ་དང་གོ་དྲུག་གི་ཆུ་ཁུངས་ས་ཆ་དང་ཆུ་ལེན་ས། ཆུ་འདྲེན་ཆུ་རྐ་སོགས་ས་ཆར་སྐོར་ཞིབ་རྟོག་སེལ་བྱེད་ཚད་ཇེ་མང་དུ་བཏང་བ་དང་། ར་བསྐོར་དང་ཆུ་ལེན་སར་གཏོར་བརླག་ཐེབས་པ་སོགས་སྣང་ཚུལ་ཐད་ནས་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་དག་ཐེར་ལེགས་བཅོས་བྱས། ཆུ་བཟོ་གྲྭ་ཁུལ་དང་སྡོད་དམངས་གཅིག་བསྡུས་ཆུ་ལེན་ས་སོགས་ཁུལ་ཁོངས་གཙོ་བོའི་ཁོར་ཡུག་གཙང་སྦྲ་དོ་དམ་ལ་ཤུགས་བསྣན་པ་དང་། དུས་ཐོག་ཏུ་གད་སྙིགས་གཙང་དག་བྱས་ལ། དུས་བཀག་ལྟར་གཙང་སྦྲ་གཙང་ཕྱགས་དང་དུག་སེལ་བྱ་བ་སྤེལ་ནས། ཆུ་འདོན་ཆུ་སྤུས་བཙོག་བཟོ་བྱེད་པར་བཀག་འགོག་བྱས། ས་ཆ་སོ་སོའི་གཅིག་བསྡུས་ཆུ་འདོན་བཟོ་སྐྲུན་ལ་བཀག་སྡོམ་དོ་དམ་བྱས་པ་དང་། ཆུ་སྤུས་གཙང་བསྒྱུར་དུག་སེལ་ཚད་ལྡན་ཅན་དུ་བསྒྱུར་ལ། བཟོ་གྲྭ་ནས་ཕྱིར་བཏང་བའི་ཆུ་དང་ཆུ་སྦུག་མཇུག་སྣེའི་ཆུའི་དུག་སེལ་སྨན་རྫས་ཀྱི་ལྷག་ཚད་འཚོ་བའི་བཏུང་ཆུ་གཙང་སྦྲའི་ཚད་གཞིའི་རེ་བ་མཐུན་པར་འགན་སྲུང་བྱས།

དེ་ལས་གཞན། རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་རང་ས་ཁུལ་གྱི་ཞིང་སྡེའི་ཆུ་འདོན་ཁྱད་ཆོས་དང་རྒྱུན་མཐོང་ཆུ་འདོན་གནད་དོན་རིགས་སྣར་ཟུང་འབྲེལ་བྱས་པ་དང་། རྫོང་རིམ་པའི་ཞིང་སྡེའི་ཆུ་འདོན་འཕྲལ་བསྟུན་ཇུས་གཞི་དང་མི་ཁྲིའི་བཟོ་སྐྲུན་འཕྲལ་བསྟུན་ཆུ་འདོན་ཇུས་གཞི་སྔར་ལས་འཐུས་ཚང་དུ་བཏང་ལ། ཆུ་ཚད་མི་འདང་བ་དང་དྲ་སྦུག་གས་པ། ཆུ་ཁུངས་བཙོག་བཟོ་སོགས་གནས་ཚུལ་འོག་གི་འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཤིང་། འཕྲལ་བསྟུན་མྱུར་སྐྱོབ་ཞིག་གསོ་དཔུང་སྡེ་བཙུགས་པ་དང་། དངོས་ཟོག་ཉར་གསོག་བྱ་བ་བཟང་བོར་བསྒྲུབས་ལ། ཡུལ་ཚོ་དང་གྲོང་རྡལ་བགོས་ནས་འཕྲལ་བསྟུན་ཆུ་འདོན་འགན་འཁྲི་མི་སྣ་ལག་བསྟར་བྱས་པ་དང་། འཁྲབ་སྦྱོང་ལ་ཤུགས་བསྣན་ནས། གློ་བུར་བྱུང་བའི་ཆུ་འདོན་དོན་རྐྱེན་བྱུང་སྐབས། དུས་ཐོག་ཏུ་དང་ལེན་བྱེད་ཐུབ་པར་ཁག་ཐེག་བྱས་པ་དང་། འཕྲལ་བསྟུན་སྤྱོད་དམིགས་ཆུ་ཁུངས་དང་དུས་ཐོག་ཏུ་ཞིག་གསོ་བྱེད་པ་དང་ཆུ་འདྲེན་ཆུ་སྐྱེལ་སོགས་ཀྱི་རྣམ་པ་སྤྱད་དེ། ཕན་འབྲས་སྒོ་ནས་ཐག་གཅོད་ཐུབ་པར་བྱས།

གོ་རིམ་རྗེས་མར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་བདེ་སྡེ་ཁག་གིས་རྒྱུན་མཐུད་ངང་རིམས་ནད་འགོག་སྡོམ་སྐབས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བྱེད་རྒྱུ་དེ་མིག་སྔར་གྱི་བྱ་བ་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་ཐད་གནས་པའི་ཉེན་ཁར་རྟོག་སེལ་ཟབ་མོ་བྱེད་པ། ས་བབ་དང་བསྟུན་ནས་བྱེད་ཐབས་སྤྱད་དེ། ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།