ཞིང་ཆེན་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང9པ།)
2022.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང9པ།) 

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་མི་སྣ་འགྲོ་འོང་དང་འདུ་འཛོམས་ལས་བྱུང་བའི་རིམས་ནད་ཀྱི་ཉེན་ཁ་ནུས་ལྡན་སྒོས་སྔོན་འགོག་བྱ་ཆེད་དང་། དཀའ་ལས་ཆེན་པོ་བརྒྱབ་ནས་བླངས་པའི་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བདེ་ཐང་དང་བདེ་འཇགས་སྒོས་དུས་ཆེན་ལ་རོལ་བར་ཁག་ཐེག་བྱ་ཆེད།  ད་ལྟ་འབྲེལ་ཡོད་དོན་ཚན་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

གཅིག རིམས་ནད་ནང་མཆེད་ཀྱི་འགག་སྒོ་ནན་སྲུང་བྱ་དགོས། 

འགྲུལ་སྐྱེལ་ས་ཚིགས་དང་མྱུར་བགྲོད་ལྕགས་ལམ་ས་ཚིགས། གནམ་གྲུ་འབབ་ཐང་། ཞིང་ཆེན་བར་གྱི་འགྲིམ་འགྲུལ་འགག་སྒོའི་ཞབས་ཞུ་ས་ཚིགས་ནས་མཚོ་སྔོན་དུ་ལོག་པའི་མི་སྣས་རིམས་ནད་འགོག་སྡོམ་བླང་བྱ་ནན་ཏན་གྱིས་ལག་ཏུ་བསྟར་དགོས་པ་དང་། སྒོས་སུ་མཚོ་སྔོན་དུ་ལོག་པའི་མི་སྣའི་ཐོ་འགོད་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་དུ་ལོག་པའི་མི་སྣར་ཐོ་འགོད་དོ་དམ་ནན་མོ་བྱེད་པ། གཟབ་ནན་གྱིས་ས་ཁུལ་གསུམ་དང་རྒྱུ་ལམ་གཉིས་སོགས་ཀྱི་བདེ་ཐང་དོ་དམ་དང་། དེ་བཞིན་འཁོར་རྒྱུག་དང་གཅིག་སྡུད་ལོགས་བཀར་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས། ཐོ་འགོད་ཀྱི་བླང་བྱ་ལག་བསྟར་མི་བྱེད་པ་དང་བསམ་བཞིན་དུ་རིམས་ནད་བྱུང་བའི་ས་ཁུལ་གྱི་གནས་སྡོད་དང་འབྲེལ་གཏུག་གནས་ཚུལ་སྦ་གསང་བྱེད་པའམ་ཡང་ན་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རིམས་ནད་འགོས་ཁྱབ་བྱུང་དུ་བཅུག་ན་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་ཞིབ་ནན་མོ་བྱ་དགོས།

གཉིས་པ། ས་ཁུལ་བརྒལ་བའི་མི་སྣའི་འགྲོ་འོང་ཇེ་ཉུང་དུ་གཏོང་བ།    

མང་ཚོགས་ཀྱིས་རང་ས་ཁུལ་དུ་དུས་ཆེན་ལ་རོལ་ནས་ཕྱི་རོལ་དུ་མི་འགྲོ་བ་དང་ཐག་རིང་ལ་མི་འགྲོ་བ། ངེས་པར་འགྲོ་དགོས་ན་མ་གཏོགས་ཞིང་ཆེན་ཕྱི་རོལ་དུ་མི་འགྲོ་བ་དང་། གྲོང་ཁྱེར་དང་ས་ཁུལ་མི་བརྒལ་བ། ཞིང་ཆེན་ནང་ཁུལ་གྱི་མི་སྣ་རིམས་ནད་ཉེན་ཁ་འབྲིང་ཙམ་དང་ཡང་ན་ཆེན་པོ་ལྡན་པའི་ས་ཁུལ་དང་། རིམས་ནད་བྱུང་བའི་ས་ཁུལ་དུ་འགྲོ་བར་ཚོད་འཛིན་བྱེད་པ། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོ་དང་། ཉེ་འགྲམ་གྱི་ས་ཁུལ་གཅིག་དང་རྫོང་གཉིས་བར་དང་། ཟི་ལིང་གྲོང་ཁྱེར་དང་། གྲོང་ཁྱེར་དང་ས་ཁུལ་གཞན་པའི་བར་གྱི་མི་སྣའི་འགྲོ་འོང་ཇེ་ཉུང་དུ་གཏོང་བ། ངེས་པར་ས་ཁུལ་བརྒལ་ནས་འགྲོ་དགོས་པའི་ཁེ་ལས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ལས་ཁུངས་ཀྱི་འགན་ཁུར་པ་གཙོ་བོས་ཆོག་མཆན་དང་། གཞན་མཁར་གྲོང་སྡོད་དམངས་ཀྱིས་སྡོད་སའི་མཁར་ཁུལ་དང་སྡེ་བ་ལ་ཐོ་འགོད་དང་དམིགས་ཡུལ་ས་ཆར་ཐོ་འགོད་བྱ་དགོས།

གསུམ་པ། ས་གནས་གཙོ་བོའི་དོ་དམ་ལ་ཤུགས་སྣོན་པ།སྤྱི་བའི་འདུ་གནས་སུ་ཚ་གྲང་འཇལ་བ་དང་ཨང་གཉིས་བརྟག་བཤེར་ནན་མོ་བྱེད་པ། དུས་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་དང་། ཁ་ཐུམ་རྒྱག་པ། རླུང་རྒྱུ་བ་དང་དུག་སེལ་བྱེད་པ་སོགས་བཀག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། ལྗོངས་རྒྱུའི་ས་ཁུལ་དང་ཚོང་རའི་རང་འདེམ་ཚོང་ར། ཁང་བའི་ནང་གི་སྤྱི་བའི་འདུ་ཁུལ། རླུང་མི་རྒྱུ་བའི་གནས་སུ་ཚད་བཀག་དང་དུས་བཅད། སྔ་གཞུག་བགར་བའི་བླང་བྱ་ལག་བསྟར་ནན་མོ་བྱ་དགོས། རྒན་གསོ་ཁང་དང་རྒན་བཀུར་ཁང་། ཕན་བདེ་ཁང་། བཙོན་ཁང་། སྨྱོ་ནད་སྨན་ཁང་སོགས་སུ་བཀག་སྡོམ་ནན་མོ་བྱས་ཏེ། ལས་བྱེད་མི་སྣར་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་གི་བྱེད་ཐབས་ལག་བསྟར་བྱེད་པ་དང་། དུས་ལྟར་འདུ་གནས་སུ་དུག་སེལ་དང་རླུང་རྒྱུ་རུ་འཇུག་དགོས། ཆོས་ལུགས་འདུ་གནས་སོ་སོ་དང་ཆོས་ལུགས་བྱ་འགུལ་མུ་མཐུད་ནས་སྒོ་འབྱེད་མཚམས་འཇོག་པ། གློག་བརྙན་ཁང་དང་ཆང་ཁང་། མིག་མངས་ཁང་། དྲ་ཁང་སོགས་རོལ་རྩེད་འདུ་གནས་ཀྱི་ལས་གཉེར་མུ་མཐུད་དུ་མཚམས་འཇོག་དགོས།            བཞི་བ། མི་ཚོགས་འདུ་འཛོམས་ཀྱི་བྱ་འགུལ་ལ་ཚོད་འཛིན་ནན་མོ་བྱ་དགོས། 

དགོས་ངེས་མེད་ན་བྱ་འགུལ་མི་སྤེལ་བ་དང་།  དྲ་ལམ་གཙོ་བོ་འཛིན་པ་དང་ཡུལ་དངོས་སུ་བྱ་འགུལ་མི་སྤེལ་བའི་རྩ་དོན་ལྟར།  གྲོས་ཚོགས་སྣ་མང་དང་བྱ་འགུལ་ལ་སོགས་པའི་འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ཇེ་ཉུང་དུ་གཏོང་དགོས་ལ།  དགོས་ངེས་ཀྱིས་སྒྲུབ་དགོས་པའི་བྱ་འགུལ་དག་ལ་ངེས་པར་དུ་ས་གནས་བཀོད་འདོམས་པུའུ་ཡི་ཆོག་མཆན་ཐོབ་དགོས་ལ།  སུ་ཞིག་གིས་ཆོག་མཆོག་བཀོད་ན་དེས་འགན་ཁུར་བ་རྒྱུན་བསྐྱངས་ཏེ། ཅི་ནུས་ཀྱིས་མི་གྲངས་ཚོད་འཛིན་བྱ་དགོས་ལ།  འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱ་དགོས།  དགའ་སྟོན་གྱི་བྱ་འགུལ་དག་ཕྱིར་འགྱངས་ཀྱིས་སྤེལ་བ་དང་འདས་མཆོད་སྟབས་བདེས་སྒྲུབ་པ། སྟོན་མོ་མི་བཤམས་པའི་སྲོལ་དར་བར་བྱ་དགོས། 

ལྔ་བ། རིམས་ནད་འགོག་སྡོམ་དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་དགོས།    

མཁར་སྡེ་དང་སྡེ་བའི་འགོག་སྡོམ་དྲ་བ་བརྟན་པོར་བཟོས་ནས་ཞིང་ཆེན་ཕྱི་ནས་མཚོ་སྔོན་ལ་ཡོང་བ་དང་མཚོ་སྔོན་ལ་ཕྱིར་ལོག་པའི་མི་ཐམས་ཅད་ཀྱིས་ཐོ་འགོད་དོ་དམ་དང་ལེབ་བཤེར་འཛིན་སྡོམ་ལ་ཤུགས་སྣོན་དགོས། ལེབ་བཤེར་འཛིན་སྡོམ་དང་འགན་ཁུར་འགན་ལེན་དོན་འཁྱོལ་མ་བྱུང་བ་སོགས་ཀྱིས་རིམས་ནད་བྱུང་བ་དང་མཆེད་པར་བྱས་ན། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་ངེས། ཁོངས་གཏོགས་ས་ཁུལ་གྱི་སྡོད་མིས་རང་སྟེང་ནས་བདེ་ཐང་གི་འགན་འཁྲི་ལེགས་པོར་སྲུང་དགོས་པའི་འདུ་ཤེས་བརྟན་པོ་ཡོད་དགོས་ལ། མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་པ་དང་། འཕྲོད་བསྟེན་གོམས་སྲོལ་ལེགས་པོ་ཆགས་སུ་འཇུག་པ། འདུ་འཛོམས་མི་བྱེད་པ། ཁྱིམ་ཚང་ལ་མི་ཉུལ་བ། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཚ་གྲངས་འཇལ་བ། ཁ་ཐུམ་རྒྱག་པ། བདེ་ཐང་བཤེར་རིས་དང་བཞུད་ལམ་བཤེར་རིས་སོགས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས།

དྲུག་པ། དོན་དམ་པས་འཕྲལ་བསྟུན་ལས་སྲུང་ལ་ཤུགས་སྣོན་དགོས།   

ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཟབ་ནན་གྱིས་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། གུང་གསེང་ལ་གནང་བ་བཏང་ཡང་ལྷོད་གཡེང་དུ་མི་གཏོང་བར་འཕྲལ་བསྟུན་ལས་སྲུང་ལ་ཤུགས་བསྣན་ནས། མགོ་ཁྲིད་ཀྱིས་ལས་རེས་མགོ་འཛིན་པའི་ལམ་ལུགས་ལག་བསྟར་བྱས་ནས། དུས་ཐོག་ཏུ་བརྡ་འབྱོར་ཐུབ་པ་རྒྱུན་འཁྱོངས་དང་ཐོལ་བྱུང་གི་གནས་ཚུལ་སོ་སོ་དེ་མ་ཐག་ཐག་གཅོད་པའི་འཕྲལ་བསྟུན་གྲ་སྒྲིག་ལེགས་པོ་བྱ་དགོས།

མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས།                                                                                                            2022ལོའི་ཟླ5པའི་ཚེས29ཉིན།