མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཡོད་པའི་ལོ་ལོན་སྟོང་བདུན་བརྒྱ་དང་བཅུ་དྲུག་གིས་ཁྱིམ་སྡོད་རྒན་གསོ་རྒན་པར་འཚམ་པར་བྱེད་པའི་སྒྱུར་བཀོད་བཟོ་སྐྲུན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།
2022.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་ཁྱིམ་སྡོད་རྒན་འཚམ་གྱི་སྒྱུར་བཀོད་ལས་གཞི་ལག་བསྟར་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཡོད་པའི་ལོ་ལོན་སྟོང་བདུན་བརྒྱ་དང་བཅུ་དྲུག་གི་ཁྱིམ་སྡོད་རྒན་འཚམ་སྒྱུར་བཀོད་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒན་འཚམ་སྒྱུར་བཀོད་བྱ་བ་སྤུས་ཚད་མཐོ་བ་དང་ཚད་ལྡན་ཅན། ཡུན་ཕན་ཅན་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

ལག་བསྟར་ཇུས་གཞི་ནང་གཙོ་བོར་ཁ་ཐོར་གཉོར་སྐྱོང་བྱེད་པའི་ལོ་ན་མཐོ་བ་དང་ནུས་པ་མེད་པ། དབང་བོ་སྐྱོན་ཅན་ཡིན་པའི་ཧ་ཅང་དབུལ་བོ་ཡིན་པའི་ལོ་ལོན་གྱི་ཁྱིམ་ཚང་དུ་ཁྱིམ་སྡོད་རྒན་འཚམ་སྒྱུར་བཀོད་ལག་བསྟར་བྱེད་པ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་སྒྱུར་བཀོད་བྱེད་ཡུལ་དེ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་མིའི་ཁྲོད་ཀྱི་ལོ་ན་མཐོ་བ་དང་ནུས་པ་མེད་པ། བུ་ཕྲུག་གམ་དུ་མེད་པ། དབང་བོ་སྐྱོན་ཅན། འཆར་ལྡན་བུ་སྐྱེས་དམིགས་བསལ་ཁྱིམ་ཚང་བཅས་ཀྱི་སྟེང་རྒྱ་སྐྱེད་པར་སྐུལ་སློང་བཏང་ནས། ལོ་ལོན་སྔར་ལས་མང་པོས་སྲིད་གཞུང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་ཁེ་སྤོག་ལོངས་སྤྱོད་བྱེད་ཐུབ་པར་བྱེད་རྒྱུ་རེད།

སྒྱུར་བཀོད་བྱེད་པའི་གོ་རིམ་ཁྲོད། གཙོ་བོར་གསང་སྤྱོད་དང་ལུས་འཁྲུ་བདེ་འཇགས་དང་ཁྱིམ་ནང་འགྲོ་འདུག་སྟབས་བདེ། ཁྱིམ་སྡོད་ཁོར་ཡུག་ལེགས་སྒྱུར། རིག་ནུས་ལྟ་ཞིབ་རྗེས་འདེད། ཞོར་འདེགས་ཡོ་ཆས་སྡེབ་སྒྲིག་སོགས་ཕྱོགས་ལྔའི་རྩོལ་ནུས་ལ་དམིགས་ནས་སྤེལ་རྒྱུ་རེད། ས་ཆ་སོ་སོས་ལོ་ལོན་གྱི་འདོད་བློ་དང་སྡོད་སའི་དགོས་མཁོ་དངོས་གཞིར་བཟུང་ནས། ཁྱིམ་ཚང་གཅིག་ལ་སྲིད་ཇུས་གཅིག་གི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་ལ་མ་དངུལ་ངེས་ཅན་གྱི་ཁ་གསབ་འདོན་སྤྲོད་བྱས་ཏེ། ལོ་ལོན་གྱི་ཁྱིམ་སྡོད་རྒན་འཚམ་བསྒྱུར་བཀོད་ཐད་ཀྱི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད། མིག་སྔར། ཁྱིམ་སྡོད་རྒན་འཚམ་སྒྱུར་བཀོད་ཚོད་ལྟའི་བྱ་བ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་དང་། ད་ལོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱའི་ཁྱིམ་སྡོད་རྒན་འཚམ་སྒྱུར་བཀོད་ལས་འགན་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད།

རིན་ཆེན་མཚོས་བསྒྱུར།