མཚོ་བྱང་ཁུལ་གྱིས་ནོར་ནག་ལ་བརྟེན་ནས་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་རོགས་འདེགས་བྱས།
2022.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་སྲ་བརྟན་མཐོར་འདེགས་ལོའི་འགུལ་སྐྱོད་སྤེལ་བའི་ཁྲོད། མི་སྣ་རྩ་འཛུགས་བྱས་ནས་བཅོས་སྐྱོང་ཁུལ་ཁོངས་ཀྱི་ལྕགས་ར་ཞིག་གསོ་བྱེད་པ་དང་སྲ་བརྟན་དུ་གཏོང་སྐབས། བཅོས་སྐྱོང་བྱེད་གནས་སྐོར་ཞིག་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ཁུལ་ཁོངས་སུ་ཡོད་པ་དང་། རི་མཐོ་ཞིང་ལ་གཟར་བ་དང་ལམ་དོག་ལ།  སྐྱེལ་འདྲེན་རླངས་འཁོར་ཐོན་མི་ཐུབ་པས། བཅོས་སྐྱོང་བྱ་བའི་ཐད་གནོད་པ་ངེས་ཅན་བཟོས། ས་དེའི་ཡུལ་ཚོ་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ནོར་གནག་འགའ་བཀོལ་ནས་དུས་ཚོད་དྲུག་རིང་སྤྱད་དེ་ལྕགས་ར་སོགས་དངོས་ཟོག་བཅོས་སྐྱོང་བྱེད་སའི་ཡུལ་དངོས་སུ་བསྐྱལ་ནས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེས་མཐའ་མཇུག་གི་གནས་ལ་རོགས་འདེགས་བྱས།

ད་ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་མཐུད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་ལ། ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་བདེ་འཇགས་གསུམ་གྱི་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པར་བྱས་པ་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་དཀའ་ངལ་ཁྱད་སེལ་བྱས་པས། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་མཚོ་བྱང་བར་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཁ་གསབ་གསུམ་གྱི་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་གྲུབ་འབྲས་མངོན་གསལ་བླངས།

རིན་ཆེན་མཚོས་བསྒྱུར།