མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་ལས་གཞི་ལག་བསྟར་གནས་ཚུལ་ཐད་ནས་སྐོར་གསར་བའི་ཁྱོན་ཡོངས་ལྟ་ཞིབ་དབྱེ་ཞིབ་སྤེལ།
2022.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་སྔ་མོ་ནས་འཛུགས་སྐྲུན་ཡོངས་འགྲུབ་དང་ཕན་འབྲས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་ལུགས་མཐུན་གྱི་བར་སྟོང་དུ་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཉེ་བའི་ལོ་འགའི་རིང་གི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་སྐབས་གསར་བའི་ཡོངས་ཁེབས་རང་བཞིན་གྱི་ལྟ་ཞིབ་དབྱེ་ཞིབ་སྤེལ་ནས། གཙོ་བོར་དུས་བརྒལ་ཡང་ཡོངས་འགྲུབ་བྱས་མེད་པའི་ལས་གཞི་དང་འཛུགས་སྐྲུན་བྱེད་ཚད་དལ་བའི་ལས་གཞིའི་མིང་ཐོ་ལ་དབྱེ་ཞིབ་གྲལ་བཤེར་བྱས་པ་མ་ཟད། ལྟ་ཞིབ་སྙན་ཞུ་ཁྱབ་བསྒྲགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་ཁྱབ་བསྒྲགས་བྱས་ནས། འཛུགས་སྐྲུན་སྡེ་ཁག་གིས་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འཛུགས་སྐྲུན་སྤུས་ཚད་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག་དངུལ་གཏོང་གི་ཚད་ཇེ་མཐོར་གཏོང་བར་ལྟ་སྐུལ་བྱས།

ལྟ་ཞིབ་གནས་ཚུལ་ལས་བལྟས་ན། ཉིས་སྟོང་བཅུ་དགུ་དང་ཉིས་སྟོང་ཉི་ཤུ ཉིས་སྟོང་ཉེར་གཅིག་ལོ་བཅས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་ལག་བསྟར་བྱེད་ཚད་སོ་སོར་བརྒྱ་ཆའི་གོ་བདུན་ལྷག་དང་བརྒྱ་ཆའི་བརྒྱ། བརྒྱ་ཆའི་གོ་བརྒྱད་ཡིན་པ་དང་། གསར་དུ་ལེགས་སྒྲིག་བྱས་པའི་ལས་གཞི་ལས་གཞན། འཛུགས་སྐྲུན་ལག་བསྟར་བྱེད་འོས་པ་ཚང་མ་འཛུགས་སྐྲུན་བྱས། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་གི་ལོ་ཧྲིལ་བོའི་དངུལ་གཏོང་ཚད་སོ་སོར་བརྒྱ་ཆའི་གོ་བརྒྱད་ལྷག་དང་བརྒྱ་ཆའི་གྱ་གསུམ་ལྷག བརྒྱ་ཆའི་ཞེ་གསུམ་ལྷག་ལ་སླེབས། གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་བོར་ལས་གཞི་འཛུགས་སྐྲུན་བྱེད་ཚད་དང་དངུལ་གཏོང་ཡོངས་འགྲུབ་བྱེད་ཚད། མ་དངུལ་ཐོན་ཚད་སོགས་དམིགས་ཚད་ལ་དམིགས་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་གདེང་འཇོག་དང་སྐུལ་འདེད་་གཏོང་རྒྱུ་རེད། ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ནོར་སྲིད་སྡེ་ཁག་བར་བརྗེ་རེས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཆ་སྡེབས་མ་དངུལ་དུས་ཐོག་ཏུ་ཚད་ལོངས་བའི་སྒོ་ནས་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་རྒྱུ་རེད། དེ་དང་མཉམ་དུ། སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་གནས་ཚུལ་ཐད་ཀྱི་ལྟ་ཞིབ་གྲུབ་འབྲས་དེ་ལོ་རྗེས་མའི་སྔོན་རྩིས་ནང་གི་དངུལ་གཏོང་ཆེད་དོན་བཀོད་སྒྲིག་དང་འབྲེལ་བའི་དཔྱད་གཞི་གལ་ཆེན་དུ་བརྩིས་ཏེ། སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་བྱས་པ་བཟང་བའི་ས་གནས་དང་ཡང་ན་སྡེ་ཁག་ལ། རྗེས་ཕྱོགས་སུ་དངུལ་གཏོང་འཆར་གཞི་བཀོད་སྒྲིག་བྱེད་པའི་ཁྲོད་རོགས་འདེགས་སྐྱོར་བྱེད་རྒྱུ་རེད། གནད་དོན་ཅུང་མང་བའི་ས་ཁུལ་དང་སྡེ་ཁག་ལ། གནས་ཚུལ་གཞིར་བཟུང་ནས་འབྲེལ་ཡོད་གཏན་ཁེལ་ལྟར་ཁྱབ་བསྒྲགས་སྐྱོན་བརྗོད་བྱེད་པ་དང་། ལོ་ཧྲིལ་བོའི་མ་དངུལ་འཆར་གཞི་ཡར་ཞུ་བྱེད་པ་དང་རིགས་འདྲའི་མ་དངུལ་བཀོད་སྒྲིག་བྱེད་སྐབས། གནས་ཚུལ་ལ་གཞིགས་ནས་མ་དངུལ་གྱི་ཚད་འོས་འཚམ་སྒོས་ཇེ་ཉུང་དུ་གཏོང་བ་དང་ཡང་ན་བྱིན་ཟིན་པའི་མ་དངུལ་ཕྱིར་བླངས་ཏེ། དཔྱད་འཇོག་ལྟ་སྐུལ་གྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་ཐུབ་པར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།