ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས་དོས་འཁོར་གྱི་བདེ་འཇགས་ཐད་ཀྱི་ཉེན་ཁར་བཅོས་སྐྱོང་བྱས།
2022.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དྲུག་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་དོས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཉེན་ཁར་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། འགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་དང་ལམ་ངོས་ཀྱི་ཁྲིམས་འཛིན་བྱེད་ཤུགས་ཆེར་སྐྱེད་པ། དོས་སྐྱེལ་རླངས་འཁོར་གྱི་ཉེན་ཁར་འགོ་ཁུངས་ནས་དོ་དམ་བྱེད་པར་ཤུགས་སྣོན་ཆེད། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར། བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། ཉིན་ཞ། ཞིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་རུ་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་དང་མཉམ་འབྲེལ་སྒོས་འགོ་ཁུངས་ནས་དམ་འཛིན་བྱེད་པ་དང་ཉེན་ཁ་མེད་པར་བྱེད་པ་བརྗོད་དོན་དུ་བྱས་པའི་གཅིག་གྱུར་འགུལ་སྐྱོད་སྤེལ་རྒྱུ་རེད། 

ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་གཙོ་བོར་མངའ་ཁོངས་ས་ཁུལ་གྱི་དུས་བརྒལ་རུང་ཞིབ་དཔྱད་མ་བྱས་པ་དང་དུས་བརྒལ་རུང་བེད་མེད་ཟུར་འཇོག་མ་བྱས་པ། ཐེངས་མང་པོར་ཁྲིམས་དང་འགལ་རུང་ཐག་གཅོད་མ་བྱས་པ་དང་དོན་རྐྱེན་འབྱུང་སླ་བའི་དོས་སྐྱེལ་རླངས་འཁོར་ལྗིད་རིགས་དང་ཉེན་ཆེ་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་སོགས་རླངས་འཁོར་ལ་ཞིབ་བཤེར་བྱེད་པ་དང་། ས་ཆ་སོ་སོའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་རླངས་འཁོར་ཐོ་འགོད་བྱེད་ས་གཞིར་བཟུང་ནས་ས་གཞན་པའི་རླངས་འཁོར་གྱི་ཁྲིམས་འགལ་ནས་ཐག་གཅོད་མ་བྱས་པའི་ཆ་འཕྲིན་བརྗེ་རེས་བྱེད་རྒྱུ་ཡིན་ལ། མངའ་ཁོངས་ས་ཁུལ་གྱི་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་རླངས་འཁོར་ཁོངས་གཏོགས་ཁེ་ལས་དང་ཡང་ན་རླངས་འཁོར་གྱི་བདག་པོས་བདེ་འཇགས་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་དང་། འབྲེལ་ཡོད་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། ཁ་ལོ་བའི་བདེ་འཇགས་སློབ་གསོ་ལ་ཤུགས་སྣོན་རྒྱུའི་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རེད། འབྲེལ་ཡོད་ཁེ་ལས་ཐད་གནས་པའི་དོ་དམ་བྱེད་ཚད་མི་འདང་བ་དང་དོན་རྐྱེན་བྱུང་ཚད་མང་བ་སོགས་ཁྲིམས་འགལ་གནད་དོན་ལ་ཁ་གཏད་དེ། ཁེ་ལས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་དང་། འགུལ་རྣམ་ལྟ་རྟོག་དོ་དམ་ལམ་ལུགས་འཛུགས་པ་མ་ཟད་ལག་བསྟར་ནན་མོ་བྱེད་པ། ཁོངས་གཏོགས་རླངས་འཁོར་དང་ཁ་ལོ་བར་འགུལ་རྣམ་ལྟ་རྟོག་དང་ཉིན་རྒྱུན་གྱི་དོ་དམ་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་རྒྱུ་རེད།

ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་བཅས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲལ་བསྟུན་དོ་དམ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་དོས་སྐྱེལ་དངོས་སྐྱེལ་ས་ཚིགས་ཁུལ་ཁུངས་སུ་བདེ་འཇགས་ཞིབ་བཤེར་ཐེངས་གསུམ་དང་ཡང་ན་དེ་ལས་མང་བོ་སྤེལ་ནས། དུས་ཐོག་ཏུ་དོས་སྐྱེལ་དངོས་སྐྱེལ་ས་ཚིགས་དང་དེའི་མཐའ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཉེན་ཁ་རྟོག་སེལ་དང་བཅོས་སྐྱོང་བྱེད་རྒྱུ་རེད།