རང་ཞིང་གིས་ཞིང་ལས་ཐད་ཀྱི་ཕྱི་ཡོང་གནོད་ལྡན་དངོས་རིགས་ཁྱབ་བཤེར་བྱ་བ་སྤེལ།
2022.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་ལྔ་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཐད་ཀྱི་ཕྱི་ཡོང་གནོད་ལྡན་དངོས་རིགས་ཁྱབ་བཤེར་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས། འཆར་གཞི་ལྟར་ན་ལོ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ཕྱི་ཡོང་གནོད་ལྡན་དངོས་རིགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཕྱི་ཡོང་གནོད་ལྡན་དངོས་རིགས་ཆ་འཕྲིན་གཞི་གྲངས་མཛོད་འཛུགས་པ། ཕྱི་ཡོང་གནོད་ལྡན་དངོས་རིགས་ཀྱི་ཉེན་ཁ་དང་གནོད་འཚེ་ལ་དཔྱད་འཇོག་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་མ་ལག་གི་ཕྱི་ཡོང་གནོད་ལྡན་དངོས་རིགས་སྔོན་འགོག་དང་བཅོས་སྐྱོང་ཐབས་ཇུས་ཕྱིར་འདོན་རྒྱུ་རེད། 

ཐེངས་འདིའི་ཁྱབ་བཤེར་བྱ་བའི་ཐད་ནས་གཙོ་བོར་ཞིང་ལས་ཐད་ཀྱི་ཕྱི་ཡོང་དངོས་རིགས་ཁྱབ་བཤེར་ཚད་གཞི་འཛུགས་པ་དང་། རང་ཞིང་གི་ཞིང་ལས་ཐད་ཀྱི་ཕྱི་ཡོང་གནོད་ལྡན་དངོས་རིགས་དང་འབུ་གནོད་བྱུང་བའི་རྒྱ་ཁྱོན། གནོད་འཚེ་ཆུ་ཚད་གཏན་ཁེལ་བྱེད་པ། གནོད་འཚེ་ཐེབས་ཡུལ་དང་ཞིང་ལས་ཐད་ཀྱི་ཕྱི་ཡོང་གནོད་ལྡན་དངོས་རིགས་ཀྱི་དངོས་དཔེ་གསལ་འབྱེད་དང་བཟོ་སྐྲུན་སོགས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁྱབ་བཤེར་བརྒྱུད་དེ། རང་ཞིང་གིས་ཕྱི་ཡོང་དངོས་རིགས་ཀྱི་རིགས་སྣ་དང་ཁྱབ་ཚུལ་གཞི་ཁྱོན། རྒྱ་ཁྱོན་དང་འབྱུང་ཚད་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་ཐུབ་པ་དང་། དུས་ཐོག་ཏུ་ཕྱི་ཡོང་དངོས་རིགས་གསར་བའི་བརྒྱུད་སྒྲོག་སྐྱེ་འཕེལ་ལམ་བུ་འཚོལ་བ། ཕྱི་ཡོང་རིགས་དངོས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་གནད་ཕིགས་འགོག་སྡོམ་དང་ཕན་ལྡན་བཅོས་སྐྱོང་བྱ་བ་སྤེལ་བའི་ཐད་བློ་གཏད་ཆོག་པའི་གཞི་འཛིན་ས་འདོན་སྤྲོད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།