མཚོ་སྔོན་ཞིང་ཆེན་སྐབས་བཅོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་སྐོར་ཞིག་བསྡུ་བའི་དུས་ཚོད་རྗེས་བསྣུར་བྱས།
2022.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དྲུག་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐབས་བཅོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་གྱི་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་གནས་བབ་རྙོག་འཛིང་ཆེ་བར་དམིགས་ནས། འགྲན་ཚོགས་ཀྱི་འགྲན་བསྡུར་རྩ་འཛུགས་དང་རིམས་ནད་འགོག་སྡོམ་བྱ་བར་གཅིག་འདོམས་བྱེད་པ་དང་། འགྲན་བསྡུར་གྱི་བདེ་འཇགས་དང་འགྲན་ཚོགས་དང་འབྲེལ་བའི་མི་སྣའི་ལུས་ཕུང་བདེ་ཐང་ལ་ཁེག་བྱེད་ཆེད། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུ་རྒྱུ་ཡིན་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དར་མའི་ཚན་ཁག་གི་མི་ལྔའི་རྐང་རྩེད་སྤོ་ལོ་དང་དར་མ་དང་དབང་བོ་སྐྱོན་ཅན་གྱི་བྱ་སྒྲོའི་སྤོ་ལོ་སོགས་འགྲན་བསྡུར་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་བསྡུ་བའི་མཛད་སྒོ་དང་རྣལ་འབྱོར་སོགས་འགྲན་བསྡུར་རྣམ་གྲངས་བསྡུ་བའི་དུས་ཚོད་རྗེས་བསྣུར་བྱེད་རྒྱུ་ཡིན་པ་དང་། བྱེ་བྲག་གི་དུས་ཚོད་ཟུར་དུ་བརྡ་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་བཞིར་སྐབས་གཅིག་གི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་ཚད་གཞི་དང་ཆུ་ཚད་ཆེས་མཐོ་བ་དང་། གཞི་ཁྱོན་དང་ཤན་ཤུགས་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཞིག་རེད། སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་ལུས་རྩལ་རྣམ་གྲངས་ཐད་ནས་རིགས་སྣ་ཆེན་པོ་བཅུ་དགུ་དང་བསྡོམས་པས་འགྲན་བསྡུར་རྣམ་གྲངས་ཞེ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ཁྲོད་ན་གཞོན་ལོ་ཆུང་གི་རྣམ་གྲངས་ཉེར་གསུམ་དང་དར་མའི་རྣམ་གྲངས་བཅུ་དྲུག དབང་བོ་སྐྱོན་ཅན་གྱི་རྣམ་གྲངས་བཞི་བཅས་ཡོད། སྐབས་སྔོན་མ་དག་དང་བསྡུར་ན། སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཐད་ནས་རྩལ་འགྲན་རང་བཞིན་སྔར་ལས་མངོན་པར་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་དགེ་མཚན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ན་གཞོན་ལོ་ཆུང་དང་སྤྱི་ཚོགས་ཞུགས་ཚད་མཐོ་བའི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།