ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་རང་ཞིང་དུ་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་དོན་རྐྱེན་གཅིག་ཀྱང་མ་བྱུང་།
2022.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དྲུག་པའི་ཚེས་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་འགོག་སྲུང་དང་འཕྲལ་བསྟུན་ལས་རེས་ལས་སྲུང་། དོན་རྐྱེན་གནོད་འཚེ་ཁ་གཏད་ཐག་གཅོད་བཅས་བྱ་བ་བཟང་བོར་བསྒྲུབ་པས། ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་ཅུང་ཆེན་པོ་དང་དེའི་ཡན་གྱི་དོན་རྐྱེན་གཅིག་ཀྱང་མ་བྱུང་བ་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་གི་རྣམ་པ་མངོན།

རྒྱུས་ལོན་བྱུང་བ་ལྟར་ན། དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་དང་གཏེར་རི། ཉེན་ལྡན་རྫས་འགྱུར་ཐོན་རྫས། བཟོ་སྐྲུན་འཛུགས་སྐྲུན། གྲོང་གསེབ་ཀྱི་སོལ་རླངས། ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བ་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ནས་ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱ་བ་སྤེལ་བ་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་ཆུ་ལོག་དང་ཐན་སྐྱོན་གནོད་སེལ་བཀོད་འདོམས་པུའུ་བཅས་ཀྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ལྔ་བཙུགས་ཏེ། ས་ཁུལ་གཙོ་བོའི་ཆུ་ལོག་དང་ཐན་སྐྱོན་ལ་འགོག་རྒོལ་དང་བདེ་འཇགས་ཐོན་སྐྱེད། གནོད་འགོག་རྒུད་སྐྱོབ། བདེ་འཇགས་འགོག་སྲུང་སོགས་བྱ་བའི་ཐད་ནས་ཡུལ་དངོས་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ས་ཡོམ་ཅུའུ་ཡིས་ས་ཡོམ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་རྗེས་འདེད་དང་དབྱེ་ཞིབ་བརྡར་གཅོད་བྱེད་པའི་བྱ་བ་ནན་ཏན་སྒོས་བསྒྲུབས། ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་དང་མཉམ་འཇོག་བྱས་ཏེ། དུས་ཐོག་ཏུ་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་འཕྲལ་བསྟུན་ཐིན་དང་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུའུ་མཚོ་སྔོན་ལྟ་ཞིབ་ཅུའུ་ཡིས་ལས་སྒོའི་མ་ལག་བརྒྱུད་དེ་ཉེན་ཁ་ཆེ་བའི་རྫས་འགྱུར་རིགས་དངོས་གཙོ་བོའི་ཐོན་སྐྱེད་ཚོང་གཉེར་ཁེ་ལས་དང་རྡོ་སོལ་གཏེར་ཁུངས་ལ་དྲ་ཐོག་ནས་སྐོར་ཞིབ་དང་བརྙན་རིས་བཀོད་གཏོང་བྱས་པ་དང་། ཉེན་རྟོག་ཞུ་གཏུག་ཆ་འཕྲིན་བརྒྱ་དང་གྱ་བརྒྱད་ཐག་གཅོད་བྱས་ལ། ཁེ་ལས་ཀྱིས་དུས་ཆེན་སྐབས་ཀྱི་བདེ་འཇགས་དོ་དམ་དང་ལས་རེས་ལས་སྲུང་ལ་ཤུགས་སྣོན་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་བྱུང་བར་བཀག་འགོག་ནན་མོ་བྱས།

རིན་ཆེན་མཚོས་བསྒྱུར།