མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་བྱ་འགུལ་སྤེལ།
2022.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉིས་སྟོང་ཉེར་གཉིས་ལོར། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྤྱི་ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཁོར་ཡུག་ཉིན་མོའི་བརྗོད་གཞི་ལ་དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་ཅེས་པ་གཏན་འབེབས་བྱས། ཁོར་ཡུག་ཉིན་མོའི་དུས་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་བྱ་འགུལ་སྤེལ།

མཚོ་ཤར་གྲོང་ཁྱེར་གྱིས་ལས་བྱེད་པ་དང་ལས་བཟོ་པ། སློབ་མ། མང་ཚོགས་སོགས་རྩ་འཛུགས་བྱས་ཏེ་མཚོ་ཤར་གྲོང་ཁྱེར་ཕྱོགས་བསྡུས་ཞིབ་བཤེར་ལྟེ་གནས་རིག་ནུས་ཁོར་ཡུག་སྲུང་སྐྱོབ་སྟེགས་བུ་དང་། ལྟ་ཞིབ་ཚད་ལེན་ས་ཚིགས་ཚོད་ལྟ་ཁང་ལ་ཁྲིད་དེ། གོ་རིམ་ཧྲིལ་བོར་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་བྱ་བའི་ནང་དོན་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་པའི་བརྩམས་ཆོས་དང་། བརྙན་རིས་བརྩམས་ཆོས་སོགས་སྟོན་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་དཔྱད་གཞིའི་ཡིག་ཆ་སོགས་ཁྱབ་སྤེལ་བྱས་ཏེ། མི་ཚང་མ་སྐྱེ་ཁམས་དཔལ་ཡོན་གྱི་ལག་བསྟར་མཁན་དང་ལྗང་མདོག་ཐཱན་ཉུང་གི་ཁྱབ་སྤེལ་མཁན་བྱེད་པར་སྐུལ་མ་བཏང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་ནགས་རྩྭའི་ཁོར་ཡུག་གཙང་སྦྲ་བྱེད་པའི་ཆེད་དམིགས་འགུལ་སྐྱོད་དང་བསྟུན་ནས་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་མགོ་བརྩམས་ཏེ། གཙོ་བོ་ཡུལ་སྐོར་བས་རྐང་བཅག་ཐེབས་པའི་ས་དང་། ས་སྟོང་གི་གད་སྙིགས་གཙང་སེལ་བྱས་ཏེ། སྤྱི་ཚོགས་སྡེ་ཁག་སོ་སོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་པར་སྐུལ་སློང་དང་སྣེ་ཁྲིད་བྱས།

ཟི་ལིང་དང་། མཚོ་ནུབ། མཚོ་བྱང་། ཡུས་ཧྲུའུ། མགོ་ལོག་སོགས་ས་ཁུལ་དུ། སློབ་གྲྭ་དང་འབྲོག་ཁུལ། བརླན་སའི་སྤྱི་གླིང་སོགས་ནས་འབྲེལ་ཡོད་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཧུར་བརྩོན་གྲོན་ཆུང་དང་། ཐཱན་ཉུང་ཁོར་ཡུག དཔལ་ཡོན་བདེ་ཐང་གི་འཚོ་བ་རོལ་སྟངས་ལག་བསྟར་བྱེད་པར་སྐུལ་ཁྲིད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས་ནས། བསམ་པའི་ཉམས་འགྱུར་ལེགས་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།