ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང122པ)
2022.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང122པ)

མིག་སྔར།   ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་གནས་བབ་མུ་མཐུད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་དང་གོ་རིམ་ལྡན་པའི་ངང་སླར་གསོ་འབྱུང་བཞིན་ཡོད།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱས་ཏེ་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་དུ་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཐབས་ཇུས་དོན་འཁྱོལ་བྱེད་པ་དང་།  རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་དམ་འཛིན་ནན་མོ་བྱས་ཏེ་རིམས་འགོག་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་ཆེད།   འབྲེལ་ཡོད་རིམས་འགོག་བྱེད་ཐབས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག    གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་བཀག་སྡོམ་གློད་རྒྱུ།   ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་དྲུག་ཉིན་གྱི་ཆུ་ཚོད་ཐིག་ནས་བཟུང་།   གྲོང་ཁྱེར་ཡོངས་ཀྱི་ས་ཚིགས་ཁག་གི་འགྲིམ་འགྲུལ་བཀག་སྡོམ་གློད་དེ་གྲོང་ཁྱེར་ནང་ཁུལ་དང་། ཟི་ལིང་གྲོང་ཁྱེར་དང་གྲོང་ཁྱེར་དང་ཁུལ་སོ་སོའི་བར་གྱི་མི་སྣ་དང་རླངས་འཁོར་འགྲོ་འོང་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་མ་ཟད།   གྲོང་ཁུལ་གཙོ་བོ་དང་རྟ་ཐང་རྫོང་།   སྟོང་སྐོར་རྫོང་།  ཧོང་ཀྲུང་ཆུའུ་བཅས་བར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་སླར་གསོ་བྱ་རྒྱུ།

གཉིས། ཉིང་སྐྱུར་བརྟག་དཔྱད་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་དགོས།    ཟླ་དྲུག་པའི་ཚེས་དྲུག་དང་ཚེས་དགུ་ཉིན་གཉིས་ལ་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་ཧོང་ཀྲུང་སྟོད་པ་ས་ཁུལ་གྱི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱ་རྒྱུ་ཡིན་པ་དང་།  རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་དག་གཞིས་ཁུལ་དང་ལས་ཁུངས་ཀྱི་བརྡ་ཐོའི་བླང་བྱ་ལྟར་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཞུགས་དགོས།       གཙོ་གནད་མི་ཚོགས་ལ་ཉིན་གཉིས་ཀྱི་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་པའི་རེ་བ་ལྟར་ཉིང་སྐྱུར་བརྟག་དཔྱད་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་དགོས།

གསུམ།   རྒྱུན་རྣམ་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་ལག་བསྟར་བྱ་དགོས།    ཟླ་དྲུག་པའི་ཚེས་དྲུག་ཉིན་གྱི་ཆུ་ཚོད་ཐིག་ནས་བཟུང་།  ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་བརྒལ་ཏེ་འགྲོ་འོང་བྱེད་པའི་རླངས་འཁོར་གྱིས་ཨང་གཉིས་བཤེར་བ་དང་ཆུ་ཚོད་དོན་གཉིས་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་སྟོན་དགོས།   ཞིང་ཆེན་ཕྱི་ནས་ཟི་ལིང་དུ་ཡོང་བའི་རླངས་འཁོར་གྱིས་ཨང་གཉིས་བཤེར་བ་དང་དུས་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་སྟོན་དགོས་པར་མ་ཟད།   དམིགས་ཡུལ་ས་ཁུལ་དུ་འབྱོར་མ་ཐག་ཡང་བསྐྱར་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་རེ་བ་ལག་བསྟར་ནན་མོ་བྱ་དགོས།

བཞི།   ཟི་ལིང་དུ་ཡོང་བའི་མི་སྣའི་ཐོ་འགོད་དོ་དམ་ལ་ཤུགས་སྣོན་དགོས།  ཟི་ལིང་དུ་ཡོང་བའི་མི་སྣ་དག་གིས་ངེས་པར་དུ་ཟི་ལིང་དུ་མ་ཡོང་སྔོན་གྱི་ཆུ་ཚོད་ཉེར་བཞིའི་ནང་ཟི་ལིང་གྲོང་ཁྱེར་རིམས་འགོག་ཐོ་འགོད་མ་ལག་བརྒྱུད་དེ་ཐོ་འགོད་བྱ་དགོས་པ་དང་།  དམིགས་བསལ་རྒྱུ་རྐྱེན་དབང་གིས་སྔོན་ལ་ཐོ་འགོད་བྱེད་མ་ཐུབ་པའི་མི་སྣས་ཟི་ལིང་དུ་འབྱོར་རྗེས་ཀྱི་ཆུ་ཚོད་གཉིས་ཀྱི་ནང་ཐོ་འགོད་བྱ་དགོས་ལ།    ཐོ་འགོད་མ་བྱས་པར་ཟི་ལིང་དུ་ཡོང་བའི་མི་སྣ་ཚང་མ་གཏན་འཁེལ་ལྟར་གཅིག་བསྡུས་ལོགས་བཀར་བྱ་དགོས།   ཉེན་ཁ་མཐོ་འབྲིང་ས་ཁུལ་ནས་ཟི་ལིང་དུ་ཡོང་བའི་མི་སྣར་ཉིན་བདུན་ལ་གཅིག་བསྡུས་ལོགས་བཀར་བྱེད་པ་དང་ཉིན་བདུན་ལ་ཁྱིམ་སྡོད་ལོགས་བཀར་བྱེད་པའི་དོ་དམ་བྱེད་ཐབས་ལག་བསྟར་བྱ་དགོས།   ཉེན་ཁ་ཆུང་བའི་ས་ཁུལ་ནས་ཟི་ལིང་དུ་ཡོང་བའི་མི་སྣར་ཉིན་གསུམ་ལ་ཁྱིམ་སྡོད་ལོགས་བཀར་བྱེད་པ་དང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱེད་པའི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱ་དགོས།

ལྔ།    སྤྱི་ཚོགས་ངོས་ཐད་ཀྱི་དོ་དམ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས།   ཟླ་དྲུག་པའི་ཚེས་དྲུག་ཉིན་གྱི་ཆུ་ཚོད་ཐིག་ནས་བཟུང་།    ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་རིགས་སྡེ་ཁག  ཞབས་ཞུ་ལས་རིགས་ཀྱི་ལས་བྱེད་མི་སྣས་ཆུ་ཚོད་དོན་གཉིས་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཁྱེར་ནས་ལས་ཞུགས་བྱ་དགོས།   སྤྱི་གླིང་དང་ཚོང་ཁང་སོགས་སྤྱི་བའི་གནས་ཡུལ་དུ་ལུས་དྲོད་འཇལ་བ་དང་ཨང་གཉིས་བཤེར་བ།  ཆུ་ཚོད་དོན་གཉིས་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཀྱི་བདེན་དཔང་ལ་ཞིབ་བཤེར་བྱེད་པ།   ཁ་ཐུམ་རྒྱག་པ།  རླུང་རྒྱུ་བ་དང་དུག་སེལ་བྱེད་པ་སོགས་འགོག་སྡོམ་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་།   དུས་བསྣོལ་མ་དང་ཚད་བཀག་ཡོད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་གོ་རིམ་ལྡན་པའི་ངང་སྒོ་འབྱེད་དགོས།   སློབ་གྲྭ་ཆེ་འབྲིང་དང་རྒན་གསོ་ཁང་།   རྒན་བཀུར་ཁང་།    ཕན་བདེ་གླིང་། སྨྱོ་ནད་སྨན་ཁང་སོགས་དམིགས་བསལ་གནས་ཡུལ་དུ་བཀག་སྡོམ་དོ་དམ་ལག་བསྟར་ནན་མོ་བྱ་དགོས།   ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོ་སོས་གནས་སྐབས་སུ་སྒོ་འབྱེད་མི་ཆོག    གློག་བརྙན་ཁང་དང་ཆང་ཁང་།   དྲ་ཁང་སོགས་སྤྲོ་གསེང་རོལ་རྩེད་བྱེད་སས་གནས་སྐབས་སུ་ལས་གཉེར་བྱ་མི་ཆོག

དྲུག བཟའ་བཏུང་ལས་རིགས་ཀྱིས་གོ་རིམ་ལྡན་པའི་ངང་སྒོ་འབྱེད་དགོས། ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་བཟའ་བཏུང་ཞབས་ཞུའི་ལས་ཁུངས་ཀྱིས་དུག་སེལ་ཡོངས་སུ་བྱེད་པ་དང་མི་སྣའི་བདེ་ཐང་ལྟ་ཞིབ། བདེ་འཇགས་ཉེན་ཁའི་གྲལ་བཤེར་སོགས་ཀྱི་སྔོན་འགྲོའི་འོག་ཏུ། ཟ་ཁང་ནས་ཟ་མ་བཟའ་རུ་བཅུག་ཆོག་ལ། དུས་ཚོད་བསྣོལ་བ་དང་མི་གྲངས་ལ་ཚོད་འཛིན་བྱེད་པ། ལུས་དྲོད་འཇལ་བ། ཨང་གཉིས་བཤེར་བ། ཆུ་ཚོད་དོན་གཉིས་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཀྱི་བདེན་དཔང་ལ་ཞིབ་བཤེར་བྱེད་པ། བར་ཐག་འཛིན་པ། སྤྱི་ཐུར་བཀོལ་བ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་དགོས། གསོལ་སྟོན་དང་དགའ་སྟོན། གྲོས་ཚོགས་སོགས་འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ད་དུང་སྤེལ་མི་ཆོག

བདུན། རིམ་པ་དང་རིགས་བགར་ནས་སློབ་ཁྲིད་སླར་གསོ་བྱ་དགོས། ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་བཟུང་། སློབ་ཆུང་ལོ་རིམ་དྲུག་པ་དང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་སློབ་གྲྭར་སོང་ནས་སློབ་ཁྲིད་ལ་ཉན་དགོས་པ་དང་། ལོ་རིམ་གཞན་དག་དང་བུ་བཅོལ་ཁང་གི་སློབ་མ་རྣམས་གནས་སྐབས་སུ་ད་དུང་སློབ་གྲྭར་འགྲོ་མི་དགོས། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས། 

2022ལོའི་ཟླ6པའི་ཚེས5ཉིན།